བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཡི་ཞུ་གཏུགས་ལས་འགུལ་གྱི་བསྒྲགས་གཏམ།

༄༅། །བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཡི་གོ་སྒྲིག་འོག་རྒྱ་གར་ནང་ཡོད་པའི་ཨ་རིའི་གཞུང་ཚབ་གཙོས་ཕྱི་རྒྱལ་གཞུང་ཚབ་ཁག་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྡེ་ཚན་བཅས་ལ་སྦྲག་ཐོག་དང་མྱུར་འཕྲིན་བརྒྱུད་དམིགས་བསལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་གཟིགས་རྟོག་དང་། རྒྱབ་སྐྱོར་ཡོང་བའི་ཞུ་གཏུགས་སྙན་ཐོ་ཞིག་འབུལ་རྒྱུ་ཡིན།   སྙན་ཐོའི་ནང་དོན་འདི་ལོ་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཐོན་པའི་ཏོག་དབྱིབས་ནད་ཡམས་དེ་རྒྱ་དམར་སྲིད་གཞུང་གིས་ཐོག་མ་ཉིད་ནས་ནད་ཡམས་སྔོན་འགོག་ལས་དོན་བྱེད་ཕྱོགས་ཐོག་ལམ་སྟོན་ཁ་གསལ་མེད་པའི་ཁར།  སྦས་གསང་བྱེད་ཐབས་བྱས་པ་དང་།  ནད་ཡམས་དང་འབྲེལ་བའི་གནད་དོན་ཁག་ལ་རྒྱལ་སྤྱིའི་སྒྲིག་འཛུགས་ལྡན་པའི་ཞིབ་འཇུག་ཚོགས་ཆུང་མ་བཏང་བར་བཀག་འགོག་བྱས་པ་སོགས་ཀྱི་རྐྱེན་པས། ད་ལྟའི་འཆར་འཛམ་གླིང་ཁྱོན་ཡོངས་ལ་ནད་ཡམས་དེས་དཀའ་ངལ་བསམ་ཡུལ་ལས་འདས་པ་ཞིག་འཕྲད་བཞིན་པ་དེ་དག་གི་ནག་ཉེས་དང་།  འགན་ཁུར་ཆ་ཚང་རྒྱ་ནག་དམར་པོའི་སྲིད་གཞུང་ནས་ཁུར་དགོས་བའི་སྐྱོན་བརྗོད་ཨ་རིས་གཙོས་རྒྱལ་སྤྱིའི་སྲིད་གཞུང་དང་།  གྲོས་ཚོགས་འཐུས་མི། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས།  གསར་འགྱུར་བརྒྱུད་ལམ་ཁག  མི་མང་བཅས་ནས་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པར་རྒྱབ་སྐྱོར་དང་སྦྲགས། ད་རེས་དམིགས་བསལ་བོད་ནང་གི་ཛ་དྲག་གནས་སྟངས་ཞུ་རྒྱུའི་ཐད་གཞི་རྩའི་མི་ལོ་ ༦༠ ལྷག་གི་རིང་རྒྱ་ནག་དམར་པོའི་སྲིད་གཞུང་གི་བཙན་གནོན་འོག་བོད་མི་ས་ཡ་དྲུག་ནས་ས་ཡ་གཅིག་ལྷག་རྐྱེན་འདས་དམར་བསད་དང་། བོད་མིའི་མཐུན་མིན་ཆོས་དང་རིག་གཞུང་གི་བསྟི་གནས་དགོན་སྡེ་དྲུག་སྟོང་ལྷག་གཏོར་གཤིགས་བཏང་པ།   ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་ཆབ་སྲིད་བཙོན་པ་སྟོང་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་བ་རྣམས་དང་། ད་ལྟ་ཡང་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱང་དང་མྱོང་བཞིན་པ་རྣམས། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་སེར་སྐྱ་གྲངས་ ༡༥༥ ཙམ་ནས་བོད་ལ་རང་དབང་རང་བཙན་དགོས་པ་དང་།  ༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པའི་འབོད་སྒྲ་བསྒྲགས་ནས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོང་སོང་པ།  དམིགས་བསལ་འདི་ལོ་རྒྱ་དམར་གཞུང་གི་ཏོག་དབྱིབས་ནད་ཡམས་ལ་ཁག་དཀྲིས་ཏེ་བོད་ནང་དད་ལྡན་སེར་སྐྱ་མང་ཚོགས་རྣམས་དགོན་པར་ཆོས་མཇལ་དང་།  ཆོས་ཕྱོགས་དང་འབྲེལ་བའི་འདུ་འཛོམས་སོགས་ལ་བཀག་འགོག་དང་དམ་དྲག་ཧ་ཅང་བྱེད་བཞིན་པ།  རྒྱལ་ཁབ་བདེ་འཇགས་ལ་ཁག་གཡོགས་ཏེ་ཕྱི་ཕྱོགས་ཀྱི་དྲྭ་རྒྱའི་བརྒྱུད་ལམ་ཡོངས་སུ་བཀག་འགོག  དམིགས་བསལ་ཕྱི་ཕྱོགས་ལ་གཉེན་འཁོར་ཡོད་པའི་ནང་མིའི་རིགས་ལ་ལག་ཐོག་ཁ་པར་ཡན་སྔོག་གཤེར་གྱིས་སུན་གཙེར་བཟོ་བཞིན་པ།  བོད་མི་གང་བྱུང་འཇུ་ཟུང་དང་བཙན་འཁྲིད། གར་སོང་ཆ་མེད་དུ་གྱུར་བ། བོད་མི་མང་གི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸གོང་ས་མཆོག་ལ་རྒྱ་དམར་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་མཚན་སྨད་བསམ་ཡུལ་ལས་འདས་པ་ཞུ་བཞིན་པ་མ་ཟད། བོད་ནང་དགོན་སྡེ་གྲྭ་ཚང་དང་མི་མང་འདུ་འཛོམས་སོགས་གང་སར་ཁ་བྲལ་ལ་ངོ་རྒོལ་དང་། རྒྱལ་གཅེས་ཆོས་གཅེས། དུས་རབས་གསར་པའི་སློབ་གསོ།  ཆོས་ལུགས་ལས་དོན།  དར་ཆ་གསལ་སྟོན་སོགས་ཀྱི་མིང་ཐོག་ནས་ཆེད་དུ་༸གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པའི་བཙན་བཀའ་བཏང་བ་སོགས་ཧ་ཅང་ཡིད་སྐྱོ་དགོས་པའི་ཛ་དྲག་གནད་དོན་དེ་དག་རྒྱ་དམར་གཞུང་གིས་འདས་པའི་མི་ལོ་ ༦༠ རིང་འཛམ་གླིང་རྒྱལ་སྤྱིའི་སྟེང་སྦས་སྐུངས་ཀྱིས་མགོ་སྐོར་གཏོང་བཞིན་པ་དེ། ད་རེས་རྒྱ་ནག་གཞུང་གི་བྱས་ཉེས་འགེབས་སྲུང་འོག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་དེས་དཔང་རྟགས་གསལ་པོ་མཚོན་པར་བརྟེན། བོད་ནང་གི་ཧ་ཅང་ཛ་དྲག་གནས་སྟངས་འཁོད་པའི་ཤོག་གྲངས་ ༢༠ ཙམ་གྱི་ཞུ་གཏུགས་སྙན་ཐོ་ཞིག་ཕུལ་ཏེ་རྒྱལ་སྤྱིའི་སྲིད་གཞུང་དང་སྒྲིག་འཛུགས་ཁག་ནས་བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་ལ་གཟིགས་རྟོག་དང་དྲང་བདེན་ལ་རྒྱབ་སྐྱོར། བོད་མིའི་ལོ་རྒྱུས་ཀྱི་བདག་དབང་ཡོད་པའི་རང་དབང་རང་བཙན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་སྔར་ལྷག་ཤུགས་ཆེར་ཞུ་བཞིན་ཡོད།

         བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་མཐུན་མོང་ནས་

བོད་རྒྱལ་ལོ་ ༢༡༤༧  ཕྱི་ལོ་༢༠༢༠ ཟླ་ ༧ ཚེས་ ༡༤ ཉིན།