བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔའི་ཐུན་མོང་ཐོག་སྒྲག་གཏམ།

ཉེ་ལམ་རེ་གཟའ་ཟླ་བའི་ཉིན་རྒྱ་དམར་དྲག་པོའི་དམག་སྤུང་གིས་རྒྱ་གར་དང་བོད་ཀྱི་ས་མཚམས་ལ་དྭགས་མངའ་ཁོངས་གྷལ་ཝན་ལུང་གཤོངས་ལ་བཙན་འཛུལ་དྲག་གནོན་བྱས་ནས་རྒྱ་གར་གྱི་དམག་དཔོན་གཅིག་གཙོས་ཉུང་མཐར་ཡང་རྒྱ་གར་གྱི་དམག་མི་ ༢༠ རྐྱེན་ལམ་དུ་བཤོར་བ་དེ་ནི་ལོ་ངོ་ ༤༥ནང་རྒྱ་གར་གྱི་བདག་དབང་ལ་རྒྱ་དམར་གྱིས་བཙན་འཛུལ་རིམ་པ་བྱས་པའི་ནང་ནས་ཚབ་ཆེ་ཤོས་ཞིག་ཡིན་པ་དང་། ང་ཚོས་རྒྱ་གར་གྱི་དམག་མིའི་བློ་སྟོབས་ལ་གུས་བརྩི་ཞུ་བ་དང་། རྐྱེན་ལམ་དུ་ཤོར་བའི་ནང་མིར་མྱ་ངན་གདུང་སེམས་མཉམ་སྐྱེད་ཞུས་པ་དང་ཆབས་ཅིག་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་སྲིད་གཞུང་གིས་རྒྱ་གར་དང་མཉམ་དུ་ལངས་ནས་རྒྱ་ནག་དྲག་པོའི་དམག་དཔུང་གིས་རྒྱ་གར་གྱི་ས་ཆའི་ཐོག་ཁྲིམས་འགལ་གྱི་བཙན་འཛུལ་བྱས་པར་ངོ་རྒོལ་བྱས་ཏེ་ཐུན་མོང་ཐོག་རྒྱ་ནག་དམར་པོའི་རྒྱ་སྐྱེད་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ།

དུས་རབས་ཁ་ཤས་ནས་བཟུང་རང་བཙན་རྒྱལ་ཁབ་སུ་གནས་པའི་བོད་དང་རྒྱ་གར་གཉིས་ཞི་བདེ་མཛའ་མཐུན་ངང་གནས་མྱོང་བ་དང་། ཐུན་མོང་གི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་དང་མཐའ་མཚམས་ཚོང་དོན་དང་། རིག་གནས་ཀྱི་འབྲེལ་ལམ་སོགས་ཞི་བདེ་བག་ཕེབས་ངང་གནས་མྱོང་ཡོད། བོད་ནི་ཆུ་བོ་ཆེན་པོ་རྣམས་ཀྱི་འབྱུང་ཁུངས་ཡིན་པས་གཙང་ཆུ་དེ་རྣམས་འབྲེལ་ཡོད་དམའ་སའིརྒྱལ་ཁབ་ཁག་གི་མཉམ་དུ་ལོངས་སུ་སྤྱོད་པར་དཀའ་ངལ་དང་། རྙོག་འཛིང་ཆེ་བའི་གནས་ཚུལ་གང་ཡང་བྱུང་མྱོང་མེད། འོན་ཀྱང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་བཟུང་བྱས་བ་ནས་བཟུང་རྒྱ་དམར་དྲག་པོས་ཁྲིམས་མཐུན་མིན་པའི་བྱ་སྤྱོད་དྲག་གནོན་གྱི་འོག་དུ་གནས་ཡོད། བོད་ལ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་༡༩༤༩ལོར་བཙན་བཟུང་མ་བྱས་གོང་རྒྱ་དཀར་ནག་གི་ས་མཚམས་ཞེས་པ་ལོ་རྒྱུས་མེད་ལ་དེ་བས་མཉམ་སྤྱོད་བྱེད་མྱོང་མེད།གུང་ཁྲན་དམར་པོའི་སྲིད་གཞུང་གིས་བོད་ལ་དྲག་གནོན་བཙན་བཟུང་བྱས་པའི་རྐྱེན་གྱིས་བོད་མི་ས་ཡ་གཅིག་ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད། ང་ཚོ་གཞིས་ལུས་བོད་མི་དང་བཙན་བྱོལ་བོད་མི་རྣམས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ནམ་ཡང་བློས་གཏོང་བྱེད་ཀྱི་མ་རེད། ད་ལྟའི་དུས་ལ་རྒྱ་གར་གྱིས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་གཅིག་དང་ད་ལྟའི་སྐབས་རྒྱ་ནག་དམར་གཞུང་གི་བཙན་བཟུང་བྱས་པའི་མི་རིགས་ཤིག་ཡིན་པ་ངོས་ལེན་དགོས་པའི་དུས་སུ་སླེབས་ཡོད་ཅིང་། རྒྱ་གར་དང་བོད་ཀྱི་མཐའ་མཚམས་གྲོས་མཐུན་ཐོག་བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་འཐུས་ཚབ་གདན་ཞུ་བྱ་དགོས། ལོ་རྒྱུས་ཐོག་ནས་རྒྱ་ནག་དམར་གཞུང་ནི་ཡིད་ཆེས་མི་རུང་བ་ཞིག་ཡིན་པ་ད་རེས་ཀྱི་གནད་དོན་དེའི་གསལ་བཤད་བྱས་ཡོད། རྒྱ་གར་གྱིས་རྒྱ་ནག་ལ་ཡིད་ཆེས་ཀྱིས་ཉེན་ཁ་མེད་པའི་བོད་དེ་སྣང་མེད་བྱས་རྐྱེན་ད་ཆ་རྒྱ་གར་མངའ་ཁོངས་སུ་རྒྱ་མིས་བཙན་འཛུལ་བྱེད་བཞིན་ཡོད། དེ་ནི་རྒྱ་གར་གྱི་འབྱུང་འགྱུར་རྒྱལ་ཁབ་བདེ་འཇགས་ཀྱི་ངོས་ནས་བརྗོད་ནའང་བློ་གྲོས་དང་བྲལ་བའི་འཐབ་ཇུས་ཤིག་རེད། རྒྱ་ནག་དང་མཛའ་བརྩེ་ནི་རིང་དུ་དོར་དགོས་པའི་ཡིད་ཆེས་ཡོད།

མཐའ་མཚམས་ཀྱི་གྲོས་མཐུན་གཞན་ཞིག་བཞག་པ་དེའང་གནས་སྐབས་ཀྱི་འབྲེལ་གཏུག་དང་རྒྱ་ནག་དམར་གཞུང་གིས་བྱ་ཐབས་གཞན་ཞིག་སྒྲུབ་ཐབས་ཡིན་མོད། འོན་ཀྱང་རྒྱ་ནག་དམར་གཞུང་ལ་ཡུན་རིང་གི་མཛའ་གྲོགས་བྱས་ན་སྔར་བཞིན་ཡང་བསྐྱར་རྒྱ་གར་བཙོངས་རྒྱུ་དེ་རེད། རྒྱ་ནག་དམར་གཞུང་གི་འདོད་རྔམ་ཆེན་པོས་བོད་བཙན་འཛུལ་བྱས་ནས་ཧི་མ་ལ་ཡའི་ས་ཁུལ་དང་། འཛམ་གླིང་ཧྲིལ་པོར་བཙན་འཛུལ་དང་རྒྱ་སྐྱེད་སྲིད་ཇུས་ཀྱི་ཆ་ཤས་ཤིག་རེད། དེར་བརྟེན་རྒྱ་གར་ལ་དམིགས་བསལ་གལ་ཆེན་འགན་འཁྲི་ཡོད་པ་དང་འགག་རྩའི་དུས་མཐའ་འཁོར་རྒྱལ་ཁབ་རྣམས་སྣེ་ཁྲིད་ནས་རྒྱ་ནག་དྲག་པོའི་ཁྲིམས་འགལ་ངང་བཙན་འཛུལ་བྱེད་པར་འགྲན་སློང་བྱེད་དགོས། རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་པས་འཛམ་གླིང་ནང་ཉེས་མེད་མི་ཁྲི་༥༠ ཙམ་གྱི་ཚེ་སྲོག་འཕྲོག་ཡོད་པ་དང་མི་ཁྲི་༧༤༠ཙམ་ལ་ནད་ཡམས་འགོས་ཡོད། རྒྱ་དམར་གྱིས་ད་དུང་རྒྱ་གར་ལ་དམག་དོན་བཙན་འཛུལ་བྱས་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་ལ་སྔར་བས་ཉན་ཚབ་དང་འཇིགས་སྐུལ་ཆེ་བ་བཟོས་ཡོད། དེར་བརྟེན་ངེས་པར་དུ་རྒྱ་ནག་སྲིད་གཞུང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་མཐོང་ཆུང་བྱེད་པ་དང་འཛམ་གླིང་ས་གནས་ཁག་ཏུ་མནར་གཅོད་བཏང་བའི་འགན་འཁྲི་རྩད་གཅོད་བྱེད་དགོས། ང་ཚོས་ངེས་པར་དུ་འཕྲལ་མར་བྱ་སྤྱོད་སྤེལ་ནས་རྒྱ་དམར་སྲིད་གཞུང་གིས་གོ་ལ་ཧྲིལ་པོར་བརྟན་ལྷིང་མེད་པ་བཟོ་རྒྱུར་སྔོན་འགོག་བྱེད་དགོས།
ང་ཚོས་རྒྱ་གར་ལ་གདུང་སེམས་མཉམ་སྐྱེད་ཞུ་བ་དང་རྒྱ་གར་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཤམ་གསལ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།

༡༽ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཛ་དྲག་གསལ་བསྒྲགས་སྤེལ་ནས་རྒྱ་དམར་དམག་སྤུང་གིས་རྒྱ་གར་གྱི་མངའ་ཁོངས་སུ་དྲག་པོའི་བཙན་འཛུལ་བྱས་པར་ངོ་རྒོལ་དང་རྐྱོན་རྗོད་དྲག་པོ་བྱེད་དགོས།
༢༽ རྒྱ་གར་དང་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་ངེས་པར་དུ་ངོས་ལེན་བྱེད་དགོས། ཉེ་ལམ་རྒྱ་དམག་གི་རྒྱ་གར་མངའ་ཁོང་སུ་དྲག་པོའི་བྱ་དཔྱོད་སྤེལ་སྟངས་དེའི་ཐོག་ནས་རྒྱ་དམར་གྱི་བོད་བཙན་བཟུང་བྱས་པ་དེ་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་བྱས་པ་ཞིག་ཡིན་པ་གསལ་སྟོན་བྱས།
༣༽ ངེས་པར་དུ་བོད་དང་། ཡུ་གུར་རིགས། ཧོང་ཀོང་།ལྷོ་སོག་པོ། ཐའེ་ཝན་མི་དམངས་བཅས་ཀྱིས་གུང་ཁྲན་ཏང་གི་མི་སེར་སྤེལ་བའི་བྱ་སྤྱོད་ངན་པ་དང་རྒྱ་སྐྱེད་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།
༤༽ རྒྱ་གར་མི་མང་བཅས་ཀྱིས་རྒྱ་མིའི་བཟོས་པའི་ཐོན་རྫས་རྣམས་བཀག་འགོག་བྱེད་པའི་དམངས་ཁྲོད་ཀྱི་ལས་འགུལ་ནང་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་མཉམ་བཞུགས་ཀྱིས་རྒྱ་མིར་དཔལ་འབྱོར་གྱི་གནོན་ཤུགས་ཆེ་རུ་གཏོང་དགོས།

བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་ཕྱི་ལོ་༢༠༢༠ཟླ་༦ཚེས༡༨ཉིན་ལ།