བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཞུ་གཏུགས་ལས་འགུལ།

༄༅། །བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་རྒྱ་གར་ནང་ཡོད་ཕྱི་རྒྱལ་གཞུང་ཚབ་ཁག་  ༡༦༦ ཙམ་དང་རྒྱ་གར་ཕྱི་སྲིད་ལས་ཁུངས་སོགས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་ནང་ལས་ཁུངས་ཁག་བཅས་ལ་སྦྲག་ཐོག་དང་།  མྱུར་འཕྲིན་བརྒྱུད་འདི་ལོ་རྒྱ་ནག་ཝུའུ་ཧན་ནས་ཐོག་མ་ཐོན་པའི་ཏོག་དབྱིབས་ནད་ཡམས་དེར།  རྒྱ་དམར་སྲིད་གཞུང་གིས་ཐོག་མ་ཉིད་ནས་ནད་ཡམས་སྔོན་འགོག་ལས་དོན་ཐོག་བྱེད་ཕྱོགས་ལམ་སྟོན་ཁ་གསལ་མེད་པའི་འཁར་སྦས་གསང་བྱེད་ཐབས་བྱས་པ་དང་། ནད་ཡམས་དང་འབྲེལ་བའི་གནད་དོན་ཁག་ལ་རྒྱལ་སྤྱིའི་སྒྲིག་འཛུགས་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཡོང་རྒྱུར་བཀག་འགོག་བྱས་པ་སོགས་ཀྱི་རྐྱེན་པས། ད་ལྟའི་འཆར་འཛམ་གླིང་མཁྱོན་ཡོངས་ལ་ནད་ཡམས་དེའི་དཀའ་ངལ་བསམ་ཡུལ་ལས་འདས་པ་འཕྲད་བཞིན་པ་དེ་དག་གིས་ནག་ཉེས་དང་འགན་འཁུར་ཆ་ཚང་རྒྱ་ནག་དམར་པོའི་སྲིད་གཞུང་ནས་ཁུར་དགོས་བའི་སྐྱོན་བརྗོད་རྒྱལ་སྤྱིའི་སྲིད་གཞུང་དང་།  གྲོས་ཚོགས་འཐུས་མི། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས།  གསར་འགྱུར་བརྒྱུད་ལམ་ཁག  མི་མང་བཅས་ནས་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པར་རྒྱབ་སྐྱོར་དང་སྦྲག  དེ་དང་མཉམ་དུ་ང་ཚོ་བོད་མི་མང་ནི་མི་ལོ་ ༦༠ ལྷག་གི་རིང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་གནོན་འོག་བོད་མི་ས་ཡ་དྲུག་ནས་ས་ཡ་གཅིག་ལྷག་རྐྱེན་འདས་དམར་བསད་དང་། བོད་མི་མཐུན་མིན་ཆོས་རིག་གི་གཏན་གནས་དགོན་སྡེ་དྲུག་སྟོངས་ལྷག་གཏོར་གཤེགས་བཏང་པ།   ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་གར་སོང་ཆ་མེད་དུ་གྱུར་པ་དང་ཆབ་སྲིད་བཙོན་པ་སྟོང་ཁྲག་མང་པོ་ད་ལྟ་ཡང་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱང་དང་མྱོང་བཞིན་པ་མ་ཟད་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་སེར་སྐྱ་རྒན་གཞོན་གྲངས་ ༡༥༥ ཙམ་ནས་བོད་ལ་རང་དབང་རང་བཙན་དགོས་བ་དང་།  ༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པའི་འབོད་སྒྲ་སྒྲོག་ནས་རང་ལུས་མེར་གསེགས་གནང་སྟེ་འདས་གྲོང་སོང་པ་སོགས་ཧ་ཅང་ཡིད་སྐྱོ་དགོས་པའི་ཛ་དྲག་གནད་དོན་དེ་དག་རྒྱ་དམར་གཞུང་གི་འདས་པའི་མི་ལོ་ ༦༠ རིང་འཛམ་གླིང་རྒྱལ་སྤྱིའི་སྟེང་སྦས་སྐུངས་ཀྱི་མགོ་སྐོར་གཏོང་བཞིན་པ་དེའི་ད་རེད་རྒྱ་ནག་དམར་གཞུང་གི་བྱས་ཉེས་འགེབས་སྲུང་འོག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་དེའི་རྒྱ་ནག་དམར་གཞུང་གི་བྱ་དཔྱོད་གང་ཡིན་རྒྱལ་སྤྱིའི་ནང་དཔང་རྟགས་གསལ་པོ་མཚོན་པར་བརྟེན་བོད་ནང་གི་ཛ་དྲག་གནས་སྟངས་ཡང་མཉམ་དུ་གླེང་སློང་ཡོང་པའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུའི་དོན་མཚན་གཤམ་གསལ།                                       

༡༽ རྒྱ་ནག་ཝུའུ་ཧན་ནས་ཐོན་པས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འཛམ་གླིང་མཁྱོན་ཡོངས་ལ་མི་གྲངས་ས་ཡ་མང་པོ་ནད་མནར་དང་། འབུམ་ཁྲག་མང་པོ་རྐྱེན་འདས་སོང་པའི་འགན་ལེན་རྒྱ་ནག་དམར་པོའི་སྲིད་གཞུང་ནས་བྱེད་དགོས་པ་མ་ཟད་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ཝུའུ་ཧན་གྱི་ནད་ཡམས་བྱུང་རྐྱེན་ལ་རྟོགས་ཞིབ་ཆེད་འཕྲལ་དུ་གཏོང་དགོས།                                                           

༢༽   ཉེ་པའི་འཆར་བོད་དང་རྒྱ་གར་ས་མཚམས་ནས་རྒྱ་དམག་གིས་རྒྱ་གར་མཐའ་སྲུང་དམག་ལ་བཙན་འཛུལ་བྱས་པའི་གནས་ཚུལ་དེ་རིགས་ལ་ངོ་རྒོལ་བྱེད་རྒྱུ་མ་ཟད། རྒྱ་དམར་སྲིད་གཞུང་གི་བོད་ལ་བཙན་འཛུལ་མ་བྱས་བར་དུ་བོད་དང་རྒྱ་གར་ས་མཚམས་ཡིན་པ་ལས་རྒྱ་དཀར་ནག་ས་མཚམས་ཟེར་བ་བརྟེན་ནས་མེད་པ་དེ་ཡང་གསལ་སྟོན་བྱེད་རྒྱུ་ཡིན།

༣༽  རྒྱ་ནག་གཞུང་གི་ཉེ་འཆར་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གསར་པ་གཏན་འབེབས་ཐག་གཅོད་བྱས་པ་དེ་དག་འཕྲལ་དུ་ཕྱེར་འཐེན་དགོས་བ་མ་ཟད་ངོ་རྒོལ་ཐ་གཅིག་ཏུ་བྱེད་རྒྱུ།

༤༽  རྒྱའི་བཙོན་ཁང་ནང་ཡོད་པ་དང་གར་སོང་ཆ་མེད་དུ་གྱུར་བའི་ཆུང་སྲིད་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཕྲལ་དུ་གློས་བཀྲོལ་གཏོང་དགོས།

༥༽ བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྒྱ་ནག་དམར་གཞུང་གི་གཏོར་གཤིགས་དང་། གྲོང་གསེབ་གྲོང་འཁྱེར་ཅན་དུ་འགྱུར་རྒྱུའི་མིང་ཐོག་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་བཙན་གནོན་གཏོང་བཞིན་པ་མཚམས་འཇོག་དགོས།

 ༦༽ བོད་མིའི་ལོ་རྒྱུས་ཀྱི་བདག་དབང་ཡོད་པའི་རང་དབང་དང་རང་བཙན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོང་པའི་འབོད་སྐུལ་སྔར་ལྷག་ཞུ་རྒྱུ།                                  

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་                                                                                 ཕྱི་ལོ་༢༠༢༠ ཟླ་ ༦ ཚེས་ ༣  ཉིན།