༄༅།།བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༦ ནས་ ༨ བར་གྱི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་གྲོས་གཞི་གྲོས་ཆོད་ཁག་གཤམ་གསལ།

གྲོས་གཞི་དང་པོ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་།ས་གནས་ཁག་གི་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་དང་ཞིབ་བཤེར་གནང་རྒྱུ།
གྲོས་ཆོད། ༡༽དབུས་སའི་རྩིས་ཁྲ་ཁག་ཞིབ་འཇུག་སྙན་སྒྲོན་གནང་རྗེས་སུ་དབུས་ཀྱི་རྩིས་ཁྲར་བསྔགས་བརྗོད་དང་ཚོགས་པའི་ཚོགས་གཙོས་དབུས་སའི་རྩིས་ཁྲ་གཅིག་མཚུངས་དགོས་པའི་ལམ་སྟོན་གནང་ཡོད། སྤྱི་མོས།
གྲོས་གཞི་གཉིས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པའི་གྲོས་ཆོད་ཁག་ལག་བསྟར་འཐུས་ཚང་བྱུང་མིན་དང་འཇུག་སྐྱོང་བྱ་ཕྱོགས་སྐོར།
གྲོས་ཆོད། ༡༽འགན་འཛིན་ལྷན་ཚོགས་ཐེངས་ལྔ་པའི་གྲོས་ཆོད་ཁག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སའི་ངོས་ནས་གྲོས་ཆོད་ཁག་ལག་བསྟར་འཐུས་ཚང་གང་ལེགས་གནང་འདུག་པར་བསྔགས་བརྗོད་ཞུ་རྒྱུ་དང་། མ་འོངས་པར་ཡང་མུ་མཐུད་དེ་ལྟར་ལག་བསྟར་གང་ལེགས་དགོས་པའི་འབད་རྩོན་བྱ་རྒྱུ། སྤྱི་མོས།
གྲོས་གཞི་གསུམ་པ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྐོར་ལ་བཀའ་སྡུར་གནང་རྒྱུ།
གྲོས་ཆོད། ༡༽ བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སའི་ངོས་ནས་བོད་མིའི་འདི་ཕྱི་གཉིས་ཀྱི་༸སྐྱབས་མགོན་དོན་གྱི་བདག་པོ་སྐུ་ཚེ་ཞབས་པད་བརྟན་ཕྱིར་བླ་ལྷའི་ལུང་བསྟན་སྤྱི་བོར་བཀུར་ཏེ་ཞབས་རིམ་ཁག་གང་ཡོད་འབད་པས་སྒྲུབ་ཐབས་བྱ་རྒྱུ། སྤྱི་མོས།
༢༽ བླ་མའི་སྐུ་ཚེ་བརྟན་དང་མི་བརྟན་གཙོ་བོ་བླ་སློབ་ཀྱི་དམ་ཚིག་ལ་རག་ལས་ཙང་བཀའ་གཞིན་སྒྲུབ་ཐབས་བྱ་རྒྱུ་གལ་ཆེ་སོང་། རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ནས་སྔར་བཞིན་དེའི་ཐོག་ཤུགས་སྣོན་བྱ་རྒྱུ། སྤྱི་མོས།
༣༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་དང་རྣམ་པ་ཀུན་ཏུ་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་སྐོར་གྱི་བཀའ་སློབ་དུས་ནས་དུས་སུ་ཕེབས་དོན་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སའི་ངོས་ནས་བོད་མིའི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོངས་ཐབས་སུ་འབད་བརྩོན་གང་ཐུབ་གནང་རྒྱུ། སྤྱི་མོས།
༤༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྐོར་ལ་རྒྱ་གར་གཞུང་དང་དཔལ་ལྡན་བདེ་སྲུང་ལས་ཁུངས་ནས་སྐུ་ཕྱྭའི་གནང་སྒོ་ཁག་ལ་འཐུས་ཤོར་མེད་པའི་ཚགས་ཚུད་གནང་བཞིན་པར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་མུ་མཐུད་སྐུ་ཕྱྭའི་ཉེན་སྲུང་ཁག་སྔར་ལྷག་གནང་སྐྱོང་ཡོང་བ་དང་། སྐུའི་འཕྲོད་བཞེས་ཆེད་དུ་འཐུས་ཤོར་མེད་པའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུ་རྒྱུ། སྤྱི་མོས།
༥༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ནང་ནས་གལ་ཆེ་ཤོས་དེ་སྐུ་ངལ་གསོ་རྒྱུ་དེ་ཡིན་པ་སོང་། བར་ལམ་ལ་དྭགས་སོགས་སུ་མགོན་པོ་གང་ཉིད་ཀྱི་ཞལ་སྔ་ནས་སྐུ་ངལ་གསོ་རྒྱུ་དེ་གལ་ཆེ་ཡིན་སྐོར་བཀའ་བཟང་ཕེབས་པ་བཞིན་སྐུ་ངལ་གསོ་རྒྱུ་དེ་གཙོ་བོ་ཡིན་སྟབས་འབྲེལ་ཡོད་ལས་ཁུངས་ཁག་ཏུ་མཛད་རིམ་ཉུང་དུ་གཏོང་གནང་ཡོང་བའི་སྙན་ཞུ་འབུལ་རྒྱུ། སྤྱི་མོས།
གྲོས་གཞི་བཞི་པ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཕྱོགས་དང་། རྒྱལ་སྤྱིའི་ཐོག་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར།
གྲོས་ཆོད། ༡༽ འདས་པའི་དུས་ཡུན་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་རང་སྲོག་བློས་གཏོང་གི་ཞི་རྒོལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་གུས་འདུད་དང་། དཔའ་བོ་དཔའ་མོ་རྣམ་པའི་རྩ་ཆེའི་བློས་གཏོང་ལ་བཀྲིན་སྙིང་བཅངས་ཀྱིས་ཁོང་རྣམ་པའི་རྩ་ཆེའི་མངོན་འདོད་དེ་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་སྤེལ་གཏོང་རྒྱུར་འབད་བརྩོན་གང་ཐུབ་གནང་རྒྱུ། སྤྱི་མོས།
༢༽ བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། ཡོ་རོབ་གྲོས་ཚོགས་སོགས་སུ་ཞུ་གཏུག་ལས་འགུལ་གང་མང་སྤེལ་གལ་དང་། བོད་དོན་ལས་འགུལ་ཁང་ཁག་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་དང་འབྲེལ་བ་གནང་ཏེ་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་གནང་གལ་ཆེ། སྤྱི་མོས།
༣༽ བོད་མི་གནས་ཡུལ་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག མཐོ་སློབ་ཁག་ཏུ་བོད་ནང་གི་ཛ་དྲག་གི་གནས་ཚུལ་དང་། དྲང་བདེན། མང་གཙོ་བཅས་ཀྱི་སྐོར་ལ་ཟབ་སྦྱོང་གང་མང་སྤེལ་ཐབས་གནང་རྒྱུ། སྤྱི་མོས།
༤༽ བོད་ནང་གི་ཛ་དྲག་གནས་ཚུལ་དངོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དང་མཉམ་འབྲེལ་གྱི་ཐོག་ནས་ལས་འགུལ་སྣ་མང་སྤེལ་ཐབས་གནང་རྒྱུ། སྤྱི་མོས།
གྲོས་གཞི་ལྔ་པ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུའི་སྐབས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་འགུལ་སྤེལ་ཕྱོགས་སྐོར།
གྲོས་ཆོད། ༡༽ འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ལ་གུས་བརྩི་ཆེན་པོས་མ་འོངས་པར་འོས་མི་སུ་འདྲ་ཞིག་སླེབས་ཀྱི་ཡོད་རུང་སྐབས་དེའི་སྲིད་སྤྱིའི་འོས་མི་རྣམས་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་ཆེ་ལས་མཁས་དབང་གདན་འདྲེན་ཞུས་ཏེ་མང་གཙོའི་ལམ་ལུགས་ཀྱི་ཟབ་སྦྱོང་གནང་གལ་ཆེ། སྤྱི་མོས།
༢༽ མ་འོངས་པར་འོས་མི་སུ་འདྲ་ཞིག་སླེབས་རུང་ཚོགས་པའི་ངོས་ནས་འོས་བསྡུའི་སྒྲིག་གཞི་དང་རྒྱབ་འགལ་མེད་པའི་སྒོ་ནས་དྲང་བདེན་གྱི་བགྲོ་གླེང་དང་། ལས་འགུལ། གསར་འགོད་གསལ་བསྒྲགས་སོགས་གང་ཐུབ་སྤེལ་ཐབས་གནང་རྒྱུ། སྤྱི་མོས།
༣༽ འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེེལ་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུའི་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུངས་འདེགས་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྤྱི་མཚངས་སུ་ལས་འགུལ་སྤེལ་གལ་ཆེ། སྤྱི་མོས།
༤༽ འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཟིན་ཡང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་བཞིན་བཙན་བྱོལ་ནང་གི་སྲིད་དོན་ཚོགས་པ་གཅིག་བུ་དེ་ཡིན་སྟབས་མུ་མཐུད་སྲིད་དོན་ཚོགས་པའི་ངོ་བོར་གནས་ཐབས་སུ་འབད་བརྩོན་བྱ་རྒྱུ་དང་། སྲིད་དོན་ཚོགས་པའི་རང་བཞིན་ལྡན་པའི་ལམ་ལུགས་ཐོག་འགྲོ་རྒྱུའི་ཆེད་ཁྲིམས་འཆར་གྲོས་ཚོགས་ནང་སླེབས་ཐབས་གནང་དགོས་རྒྱུའི་འབད་བརྩོན་མུ་མཐུད་བྱེད་རྒྱུ་མ་ཟད། ཚོགས་པའི་བསྒྲགས་གཏམ་འདི་དང་ཚོགས་པ་དབུ་འབྱེད་སྐབས་སུ་༸གོང་ས་མཆོག་གི་གནང་བའི་བཀའ་སློབ་ཁག་དེབ་གཟུགས་བཟོས་ནས་འགྲེམ་སྤེལ་དགོས་པ་གལ་ཆེ་མངོན། སྤྱི་མོས།
༥༽ འོས་བསྡུའི་ལས་རིམ་སྐབས་སུ་བཅའ་ཁྲིམས་རིན་ཆེའི་རྒྱ་ལས་མ་འགལ་བའི་སྒོ་ནས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག དེ་བཞིན་མཐོ་སློབ་ཁག་ཏུ་མང་གཙོ་དང་འོས་བསྡུའི་ལས་རིམ་སྐོར་ལ་ཆབ་སྲིད་གོ་རྟོགས་གང་མང་སྤེལ་ཐབས་བྱ་རྒྱུ། སྤྱི་མོས།
༦༽ འོས་བསྡུའི་གནད་དོན་གཅིག་པོ་མ་ཡིན་པར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ནུས་ཤུགས་མཐོར་འདེགས་གཏོང་རྒྱུར་ཚོགས་མི་སོ་སོས་རང་འགུལ་གྱིས་ཚོགས་པའི་མཚན་གནས་སྲུང་སྐྱོབ་འཕེལ་རྒྱས་གཏོང་གལ་ཆེ། སྤྱི་མོས།
གྲོས་གཞི་དྲུག་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དམིགས་ཡུལ་ལྟར་གཞི་རིམ་མི་མང་ལ་མང་གཙོ་དང་འབྲེལ་བའི་ཆབ་སྲིད་གོ་རྟོགས་སྤེལ་ཕྱོགས་སྐོར།
གྲོས་ཆོད། ༡༽ བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་བོད་རྒྱལ་ཁབ་ཀྱི་རྩ་དོན་ལ་ཕན་པའི་ལས་འགུལ་དང་ཆབ་སྲིད་ཀྱི་གོ་རྟོགས་གོང་འཕེལ་སླད་མི་མང་དང་དམིགས་བསལ་གཞོན་སྐྱེས་ཚོར་མང་གཙོའི་གོ་རྟོགས་ཟབ་སྦྱོང་གང་མང་སྤེལ་གལ་ཆེ། སྤྱི་མོས།
༢༽ སྐབས་བདུན་པའི་དབུས་རྒྱུན་ཚོས་བཙན་བྱོལ་བོད་མིའི་གནད་ཡོད་མི་སྣ་གདན་འདྲེན་གྱིས་མང་གཙོ་དང་ཆིག་སྒྲིལ་ཞེས་པའི་ཟབ་སྦྱོང་དེ་ལྟ་བུ་མུ་མཐུད་བོད་མི་གནས་སྡོད་ས་ཁུལ་ཁག་ཏུ་སྤེལ་རྒྱུ་གལ་ཆེ་བ་མཐོང་། སྤྱི་མོས།
༣༽ གཞིས་ལུས་བོད་རིགས་སྤུན་ཟླའི་མངོན་འདོད་བཞིན། བོད་མིའི་སྤྱི་ཚོགས་རྡོག་རྩ་གཅིག་སྒྲིལ་དང་། མི་མང་གིས་གཞུང་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་ཐབས། ཡང་དག་པའི་མང་གཙོའི་ལམ་བཟང་དེ་ལ་གོ་བ་ཟབ་མོ་ལེན་རྒྱུའི་ཆེད་དུ་ཟབ་སྦྱོང་གང་མང་གནང་གལ་ཆེ། སྤྱི་མོས།
གྲོས་གཞི་བདུན་པ། ཚོགས་པ་སྲ་བརྟན་དང་ཡར་རྒྱས་ཚགས་ཚུད་ཡོང་ཆེད་ཚོགས་མི་གྲངས་སྤར་དང་། ཡན་ལག་ས་གནས་གསར་འཛུགས། ཚོགས་པའི་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་སྐོར།
གྲོས་ཆོད། ༡༽ ཚོགས་པ་སྲ་བརྟན་དང་ཡར་རྒྱས་ཚགས་ཚུད་ཡོང་ཆེད་ས་གནས་མེད་པའི་ས་ཁུལ་ཁག་ཏུ་ཚོགས་མི་གསར་འཇུག་གང་མང་གནང་རྒྱུ། སྤྱི་མོས།
༢༽ རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སས་བོད་སྤྱི་པའི་རྩ་དོན་དང་འབྲེལ་བའི་ལས་དོན་ཁག་ལ་འབད་འབོངས་དང་། གོང་འོག་ཚང་མར་མཐུན་ལམ་ལེགས་པོས་ལས་དོན་ཁག་དང་དུ་བླངས་ནས་མི་མང་ལ་བརྩི་བཀུར་དང་གུས་ཞབས་ཡོད་པའི་སྒོ་ནས་ལས་འགུལ་གང་མང་སྤེལ་རྒྱུ། སྤྱི་མོས།
༣༽ ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཚོགས་པའི་ངོ་བོ་དང་། དམིགས་ཡུལ་ངོ་སྤྲོད་ཀྱིས་འབྲེལ་ལམ་གང་ཐུབ་གནང་ཏེ་ཚོགས་པ་གསར་འཛུགས་ཐུབ་ཐབས་དང་། དེ་བཞིན་འབྲེལ་མཐུད་པ་གང་མང་བསྐོ་གལ་ཆེ། སྤྱི་མོས།
༤༽ བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་ལྷག་བསམ་རྣམ་དག་གིས་མི་མང་ལ་ཕན་པའི་སྤྱི་ཚོགས་ཞབས་ཞུ་གང་ཐུབ་སྒྲུབ་གལ་ཆེ། སྤྱི་མོས།
༥༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་སྲ་བརྟན་ཡོང་ཆེད་དུ་དབུས་རྒྱུན་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གང་མང་ཕྱོགས་བསྐྱོད་ཀྱིས་ཕྱི་རྒྱལ་རོགས་ཚོགས་ཁག་ནས་རོགས་དངུལ་ཐོབ་ཐབས་དང་། ཚོགས་པའི་དཔལ་འབྱོར་ཡར་རྒྱས་ཀྱི་ཆེད་དུ་རྒྱ་བལ་འབྲུག་གསུམ་ནང་གཞས་སྣ་གཟིགས་འབུལ་སོགས་ཀྱི་དཔལ་འབྱོར་བསྡུ་འགོད་གང་ཐུབ་གནང་གལ་ཆེ། སྤྱི་མོས།

གྲོས་གཞི་བརྒྱད་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་དང་། དབུས་རྒྱུན་ཟུར་པ་བཅས་ཕན་ཚུན་འབྲེལ་ལམ་བཟང་དུ་གཏོང་ཕྱོགས་སྐོར།
གྲོས་ཆོད། ༡༽ བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་སུ་ཕེབས་ཀྱང་དབུས་རྒྱུན་སྐབས་བདུན་པ་བཞིན་དབུས་རྒྱུན་ཟུར་པ་མཉམ་དུ་འབྲེལ་ལམ་དུས་ནས་དུས་སུ་གནང་དགོས་པ་དང་། ལྷག་པར་དུ་ས་གནས་ས་ཐོག་ཏུ་དབུས་རྒྱུན་ཟུར་པ་སུ་འདྲ་ཞིག་ཕེབས་རུང་དབུས་སས་འབྲེལ་ལམ་དང་སྣེ་ལེན་གང་ཟབ་གནང་གལ་ཆེ། སྤྱི་མོས།
གྲོས་གཞི་དགུ་པ།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབར་གྱི་འབྲེལ་ལམ་མུ་མཐུད་ནས་རྒྱུན་སྐྱོང་ཡར་རྒྱས་ཡོང་ཐབས་སྐོར།
གྲོས་ཆོད། ༡༽ བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་སྔར་བཞིན་མ་དང་བུ་ལྟ་བུའི་འབྲེལ་བ་རྒྱུན་སྐྱོང་དང་། ཕྲུ་གུ་ངུ་ས་ཕ་མ་ཞེས་པ་བཞིན་དཀའ་ངལ་གང་ཞིག་འཕྲད་ཚེ་དབུས་གཞོན་ནུར་སྐྱབས་འཇུག་ཞུ་གལ་ཆེ། སྤྱི་མོས།
༢༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཡོད་པའི་མཐོ་སློབ་ཁག་ཏུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འབྲེལ་མཐུད་པ་ངེས་པར་དུ་དགོས་གལ་ཆེ་བས་དེ་ལྟར་ཡོང་བའི་འབོད་སྐུལ་ལན་མང་ཞུ་རྒྱུ། སྤྱི་མོས།
སྤྱི་སྨན་དགོངས་འཆར།
༡༽ བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་དོན་ཆེ་འབྲིང་ཆུང་གསུམ་ལ་ཚོགས་མི་ཚང་མས་ཐུགས་འགན་ཆེ་བཞེས་ཀྱིས་ཚོགས་པའི་ངོ་བོ་དང་། དམིགས་ཡུལ་གཙོ་ཆེ་འཛིན་པའི་སྒོ་ནས་མུ་མཐུད་བོད་སྤྱི་པའི་རྩ་དོན་ལ་ཕན་པའི་ཟབ་སྦྱོང་གང་མང་གནང་གལ་ཤིན་ཏུ་ཆེ། སྤྱི་མོས།
༢༽འཛམ་གླིང་དེའི་ཐོག་ཏུ་མི་རིགས་ཞིག་གནས་དང་མི་གནས་ནི་སྐད་ཡིག་ལ་རག་ལས་པ་བཞིན་གཞི་རིམ་གྱི་སློབ་གྲྭ་ཁག་དང་། མཐོ་སློབ། གཞོན་སྐྱེས་ཁག་གལ་ཆེ་འཛིན་པའི་སྒོ་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཡར་རྒྱས་ལ་ཕན་པའི་ལས་འགུལ་སྣ་མང་སྤེལ་གལ་ཆེ། སྤྱི་མོས།
བོད་རྒྱལ་ལོ།