བཙན་བྱོལ་བོད་མིའི་འོས་བསྔུའི་སྒྲིག་གཞི་བསྐྱར་བཅོས་དང་མང་ཚོགས་ཀྱི་འཆར་སྣང་ཞེས་པའི་སྐོར་ལ་བགྲོ་གླེང་།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་ཕྱི་ལོ་༢༠༡༨ ཟླ་ ༩ ཚེས་ ༡༧ ཉིན་བཞུགས་སྒར་རྡ་རམ་ས་ལ་ཀེ་ལབ་ཧོའོ་སི་ནང་༼ བཙན་བྱོལ་བོད་མིའི་འོས་བསྔུའི་སྒྲིག་གཞི་བསྐྱར་བཅོས་དང་མང་ཚོགས་ཀྱི་འཆར་སྣང་༽ བཞེས་པའི་བརྗོད་གཞིའི་ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ལྷན་དུ་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་།  ཐོག་མ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ནས་གཙོ་སྐྱོང་དང་སྦྲགས་བགྲོ་གླེང་གོ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་གསལ་བཤད་གནང་།  ཐེངས་འདིའི་གྲོས་ཚོགས་ནང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ལས་རིམ་ཡོད་པས། དེའི་ཐོག་མི་མང་གི་བསམ་ཚུལ་འདོན་དགོས་པ་དང་། དེ་སྔ་བར་དུ་འོས་བསྡུའི་སྒྲིག་གཞི་དེའི་འོག་འོས་ཤོག་འཕངས་ནས་འགྲིག་ཡོད་པ་རེད་ལ། རྙོག་གླེང་ཡོང་བ་སྒྲིག་གཞིའི་སྐྱོན་མ་ཡིན་པར། མིའི་སྐྱོན་ཡིན་སྐོར་དང་། འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་རྒྱུ་གལ་ཆེར་ཡིན་པ་དང་། གལ་ཏེ་འོས་བསྡུ་གཅིག་ལས་དགོས་ཀྱི་མེད་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ནང་སྲིད་དོན་ཚོགས་པའི་ལམ་ལུགས་ལག་བསྟར་དགོས་སྐོར་གསུངས་སོང་།

མང་གཙོ་དང་ཆིག་སྒྲིལ་ཐོག་བགྲོ་གླེང་།

ཕྱི་ལོ་༢༠༡༨་ཟླ་༤ཚེས་༡༣རེས་གཟའ་པ་སངས་ཕྱི་དྲོ་ཚོུད་༥་༡༠ཙམ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་གོ་སྒྲིག་འོག་ བཀའ་བློན་ཁྲི་ཟུར་སློབ་མཁས་དབང་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་༤༠༠ལྷག་ཙམ་ལ་མང་གཙོ་དང་ཆིག་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།

སྐབས་བཅུ་དྲུག་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་རིམ་སྐོར་ལ་བགྲོ་གླེང་།

སྤྱི་ལོ་༢༠༡༦ཟླ་༡༠ཚེས་༡ཉིན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་ཀྱི་དུས་བབ་གསར་ཁང་ཐུན་མོང་གི་གོ་སྒྲིག་འོག་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་སྐབས་བཅུ་དྲུག་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་རིམ་སྐོར་ལ་བགྲོ་གླེང་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་མཁན་སྤྱི་འཐུས་ཚོགས་གཞོན་ཨཙཱརྱཱ་ཡེ་ཤེས་ཕུན་ཚོགས་མཆོག་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་རྒྱ་རིགས་ཐར། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། བསྟན་འཛིན་ཕུན་ཚོགས། དགེ་བཤེས་སེར་སྨད་བློ་དགའ། ཚེ་རིང་ཐག་གཅོད། ཚངས་དབྱངས་རྒྱ་མཚོ་བཅས་གདན་ཞུས་ཀྱིས་བརྙན་ཕབ་ཐོག་བགྲོ་གླེང་ཟབ་རྒྱས་ཞིག་གོ་སྒྲིག་ཞུས་པས་བཅས།

བགྲོ་གླེང་གོ་སྒྲིག་ཞུས་པ།

སྤྱི་ལོ་༢༠༡༦ཟླ་༩ཚེས་༡༦ཉིན། མེག་གྷན་ཀལབ་ཧའོསིའི་ཚོགས་ཁང་དུ་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་ཚོགས་གཞོན་ཨཙཱརྱཱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག་ནས་མང་གཙོའི་འཕེལ་རིམ་ནང་སྲིད་དོན་ཚོགས་པ་གལ་ཆེ་ཡིན་མིན་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་བཅས་ཀྱི་བགྲོ་གླེང་གོ་སྒྲིག་ཞུས།

Scroll Up