དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་བྱང་ཤར་ས་ཁུལ་ཁག་ཅིག་ནང་ “མང་གཙོ་དང་ཆིག་སྒྲིལ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།

༢༠༡༩ ཟླ་བ་ ༡༡ ཚེས ༡༡

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ ནས་ ༡༤ བར་ཉིན་གྲངས་ ༨ རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་དང་། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ས་གནས་མི་མང་རྣམས་ལ་ མང་གཙོ་དང་ཆིག་སྒྲིལ་ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུར་གདན་ཞུས་གནང་བ་ལྟར། ཕྱི་ཚེས་ ༧ ནས་ ༡༠ བར་རིམ་པས་རྡོར་གླིང་དང་། བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ས་གནས་མང་ཚོགས་རྣམས་ལ་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག

དེ་ཡང་ཕྱི་ཚེས་ ༦ ཉིན་རྒྱབ་དཔལ་ལྡན་ཚོགས་གཞོན་མཆོག་བྷག་ཌོ་ར་ (Bagdora) གནམ་ཐང་དུ་ཕེབས་འབྱོར་གནང་ཡོད་པ་དང་། སྐབས་དེར་རྡོར་གླིང་ས་གནས་འགོ་འཛིན་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཅས་ནས་ཕེབས་བསུ་དང་། དགོང་དྲོ་རྡོར་གླིང་ས་གནས་སུ་ཕེབས་འབྱོར་མཚམས་ས་གནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༧ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྡོར་གླིང་ས་གནས་མི་མང་ཚོགས་ཁང་ནང་ས་གནས་མང་ཚོགས་འདུ་འཛོམས་ཐོག་ མང་གཙོ་དང་ཆིག་སྒྲིལ་ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་། སྐབས་དེར་ཐོག་མར་ལས་རིམ་ལྟར། རྡོར་གླིང་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་།  དེ་རྗེས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་སྔ་ཕྱིའི་འབྱུང་རིམ་དང་ཕན་རླབས་ཇི་ཡོད། དམིགས་ཡུལ་སོགས་ངོ་སྤྲོད་གནང་གྲུབ་མཚམས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་མང་གཙོའི་འབྱུང་བ་དང་འཕེལ་རིམ། མང་གཙོའི་ཁྱད་ཆོས་སོགས་ཀྱི་ཐོག་ཞིབ་ཕྲའི་འགྲེལ་བརྗོད་དང་།

དེ་བཞིན་བཙན་བྱོལ་བོད་མའི་མང་གཙོའི་འབྱུང་བ་དང་འཕེལ་རིམ་ཡོངས་སུ་རྫོགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་དང་། ད་ལྟ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་སྒྲིག་ཁག་ ༢༧ ཡོད་པ་དེ་དག་གཙོ་བོ་༸གོང་ས་མཆོག་གི་དགོངས་བཞེད་དང་། ཡང་དག་པའི་མང་གཙོའི་ལམ་ལུགས་ལྟར་དཔལ་འབྱོར་སྲིད་བྱུས་སོགས་གང་ཅིའི་ཐད་མཐའ་གཉིས་སུ་མ་ལྷུངས་པའི་ཐོག་ཕྱག་བསྟར་གནང་བཞིན་ཡོད་སྟབས་བཙན་བྱོལ་བོད་མི་ཡོངས་ནས་ཁྲིམས་སྒྲིག་དེ་དག་ལ་ཐུགས་སྣང་གིས་ཕྱག་བསྟར་གནང་དགོས་སྐོར།  གཞིས་སུ་ཡོད་པའི་བོད་མི་ཡོངས་ནས་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་མི་ལོ་ ༦༠ རིང་རྒྱ་ནག་དམར་པོའི་སྲིད་གཞུང་གི་དྲག་གནོན་སྲིད་བྱུས་ལ་གདོང་ལེན་གནང་བཞིན་པར་མིག་དཔེར་བལྟས་ནས། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་ནུས་ཤུགས་གོང་བུ་གཅིག་སྒྲིལ་གནང་དགོས་རྒྱུ་གལ་ཆེ་ཡིན་པ་མ་ཟད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་། བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག ཡ་རབས་བཟང་སྤྱོད་ལ་སོགས་མི་ཉམས་རྒྱུན་འཛིན་གནང་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར།  རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་རིག་གནས་བཅུ་པོ་ཚང་མ་རྩ་མེད་བཟོ་རྒྱུའི་ངན་བྱུས་བཏིང་བཞིན་ཡོད་པར། བོད་མི་ཚང་མས་དེ་དག་བདག་པོ་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ།

མདོར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་ལམ་སྟོན་གནང་བའི་བཀའ་དྲིན་དང་། མི་ཐོག་གོང་མ་རྣམས་ཀྱིས་སྐུ་ལས་བསྐྱོན་པར་བརྟེན། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དང་།  ཆོས་དང་རིག་གཞུང་།  སྐད་ཡིག་སོགས་གང་ཅིའི་ཐོག་མི་ཉམས་རྒྱུན་འཛིན་གནང་ཡོད་པའི་མིག་དཔེ་བཟང་པོ་བསྟན་པ་དེ་དག་ང་ཚོ་ཚང་མས་མུ་མཐུད་རྒྱུན་གནས་ཀྱིས་འབད་རྩོན་གནང་དགོས་རྒྱུ་དེ་ཆིག་སྒྲིལ་གྱི་རྩ་བ་ཆགས་ཡོད་སྐོར་སོགས་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་དང་། ཚོགས་བཅར་བ་མི་མང་ནས་དྲི་བ་གནང་བ་ཁག་ལ་དཔལ་ལྡན་ཚོགས་གཞོན་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཉིན་རྒྱབ་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལྕགས་པོ་རིའི་དྲན་རྟེན་སྨན་ཁང་དང་།  འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་བཅས་ལ་འཚམས་གཟིགས་དང་འབྲེལ། ལས་སྣེ་འགན་འཛིན་རྣམས་དང་ལྷན་ཕན་ཚུན་དགོངས་ཚུལ་བརྗེ་རེས་གནང་ཞིང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་ནས་ལམ་སྟོན་ཡང་གནང་འདུག

ཕྱི་ཚེས་ ༨ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་བསུ་ན་མདའ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་ཀྱིས་ས་གནས་སུ་འབྱོར་སྐབས། བསུ་ན་མདའ་བཀྲ་ཤིས་གླིང་ས་གནས་འགོ་འཛིན་བསྟན་འཛིན་དབྱངས་འཛོམས་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་སྣེ་ཡོངས་ནས་ཕེབས་བསུ་དང་། དེ་ནས་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་མི་མང་ཚོགས་ཁང་ནང་ས་གནས་མི་མང་དང་སློབ་ཕྲུག་ཡོངས་ལ་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་ལས་རིམ་བསྐྱངས་གནང་ཡོད་པ་དང་།

ཕྱི་ཚེས་ ༩ རེས་གཟའ་སྤེན་པའི་ཞོགས་པ་རྡོར་གླིང་ས་གནས་འགོ་འཛིན་གྱིས་ཕེབས་རོགས་འོག རྡོར་གླིང་ཁུལ་གྱི་རང་འཚོའི་ལས་སྣེ་རྣམས་ནས་རེ་སྐུལ་ཞུས་དོན་བཞིན་བཟོ་གྲྭའི་ནང་འཚམས་གཟིགས་གནང་རྗེས། ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་ས་གནས་སུ་འབྱོར་མཚམས། ར་ཝང་ལ་ཀུན་ཕན་གླིང་ས་གནས་འགོ་འཛིན་གྱིས་དབུས་འབྲེལ་ཡོད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་སྣེ་རྣམས་ནས་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག་པ་དང་།

ཕྱི་ཚེས་ ༡༠ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ས་གནས་མི་མང་ཚོགས་ཁང་ནང་མི་མང་རྣམས་ལ་གོང་བཞིན་བརྗོད་གཞི་དང་འབྲེལ་པའི་ཐོག་གསུང་བཤད་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གནང་འདུག་པ་དང་། ཉིན་རྒྱབ་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་ནས་སྒང་ཏོག་ས་གནས་སུ་ཕེབས་ཐོན་གནང་སྟེ། ཕྱི་དྲོ་ཆུ་ཚོད་ ༥ ཙམ་ལ་ས་གནས་སུ་འབྱོར་འཕྲལ། སྒང་ཏོག་ས་གནས་འགོ་འཛིན་གྱིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དྲུག་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག་པ་བཅས། །