འོས་བསྡུའི་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།

༄༅། ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་བཞིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ཉི་ཤུ་རྩ་གཅིག་པའི་ཚོགས་བཅར་བར་ཕྱི་ལོ་ ༡༩༩༠ ཟླ་ ༩ ཚེས་ ༣ ཉིན། མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ལྟ་བ་འདྲ་མིན་ཡོད་པའི་ཚོགས་པ་ཟུར་འཛུགས་ཐུབ་མིན་གོ་བསྡུར་དགོས་པའི་བཀའ་སློབ་རིན་པོ་ཆེ་ཕེབས་དོན། བོད་ཀྱི་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཐོག་མར་དབུས་རྒྱུན་ལས་ཟུར་པ་རྣམ་པ་གདན་ཞུས་ཀྱིས་བཀའ་སློབ་དགོངས་དོན་ཐོག་བཀའ་བསྡུར་གནང་སྟེ་ཚོགས་ཕེབས་དབུས་རྒྱུན་ཟུར་པ་རྣམས་མགྲིན་གཅིག་ནས་སྲིད་དོན་ཚོགས་པ་ཞིག་འཛུགས་དགོས་པའི་དགོངས་འཆར་ཤུགས་ཆེ་གནང་ཡོད་པ་མ་ཟད། གཞོན་ལྷན་འགན་འཛིན་ལྷན་ཚོགས་རིམ་པར་བཀའ་བསྡུར་འབྱུང་བས་དགོངས་དོན་བཞིན་གཞོན་ལྷན་ཚོགས་ཆེན་ཐེངས་ ༨ པའི་ཐོག་ནས་རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་གཞོན་ལྷན་ནས་འགན་འཁུར་རྐང་ལེན་གྱི་སྲིད་དོན་ཚོགས་པ་གསར་འཛུགས་གནང་རྒྱུའི་འགན་དབང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་གནང་བ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ནས་གཞོན་ལྷན་གྱི་དམིགས་ཡུལ་དང་། ལངས་ཕྱོགས་བཅས་མཐུན་པའི་རྒྱལ་ཡོངས་སྲིད་དོན་གྱི་ཚོགས་པ་ཞིག་འཛུགས་རྒྱུའི་ཐུགས་འགན་གཙང་བཞེས་ཀྱིས་ཕྱི་ལོ་ ༡༩༩༤ ཟླ་ ༩ ཚེས་ ༢ ཉིན་དངོས་སུ་དབུ་བརྙེས་པ་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཚོགས་པའི་རྩ་ཁྲིམས་དང་སྒྲིག་སྲོལ་གཏན་འབེབས་དང་སྦྲགས། དེ་རྗེས་དབུས་རྒྱུན་གསར་འདེམས་གནང་བ་རྣམས་ལ་གཟིམ་ཆུང་མཇལ་ཁའི་སྐབས་༸སྤྱི་ནོར་༸གོང་ས་༸སྐྱབསམགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་དོན་༼མ་འོངས་པའི་བོད་འདི་དངོས་གནས་མང་གཙོ་མཚན་ཉིད་ཚང་བ་ཡག་པོ་ཞིག་ཡོང་བའི་དོན་ལ་སྲིད་དོན་གྱི་ཚོགས་པ་མི་འདྲ་བ་དགོས་པ་གལ་ཆེན་པོ་ཆགས་ཡོད། དེ་རིང་འདིར་ཁྱེད་རང་ཚོས་སྲིད་དོན་གྱི་ཚོགས་པ་བཙུགས་པ་འདིས་མ་འོངས་པའི་དམིགས་ཡུལ་རླབས་ཆེན་པོ་ཞིག་བསྒྲུབ་རྒྱུའི་དོན་ལ་ཞབས་འདེགས་ངེས་ཅན་བསྒྲུབས་པ་རེད་སྙམ་པ་དྲན་གྱི་འདུག ལས་ཀ་བྱ་རིམ་གང་དུ་ཡིན་ནའང་ཉམས་མྱོང་གསོག་གིན་གསོག་གིན་ཐོག་ནས། ཐབས་ལམ་གནད་འགག་གསར་པ་རྙེད་ཐུབ་རྒྱུར་བརྟེན་རིམ་པའི་ཉམས་མྱོང་རྒྱུས་ཡོད་ཀྱི་ཆ་ནས་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། དེ་དང་ཆབས་ཅིག་དཀའ་ངལ་མང་པོ་ཞིག་ཀྱང་ཏན་ཏན་ཡོང་གི་རེད། དངོས་གཞི་ལག་ལེན་བཀལ་བའི་སྐབས་སུ་དཀའ་ངལ་ཇི་འདྲ་འཕྲད་ཀྱང་གདོང་ལེན་བྱེད་ཐུབ་པ་ཞིག་དང་། དང་པོའི་ལྷག་བསམ་བཟང་པོའི་དམིགས་ཡུལ་དང་དམ་བཅའ་བརྟན་པོ་ཡོད་པ་འདི་འགྱུར་བ་མེད་པར་སྙུགས་བསྲེངས་ནས་མཐའ་བསྐྱལ་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་རེད། འདི་ཚང་མའི་སེམས་ལ་བཅངས། ངས་འདིར་བརྗོད་རྒྱུའི་སྙིང་པོ་ནི་རྩ་བའི་ལྷག་བསམ་བཟང་པོའི་ཀུན་ནས་བླངས་ཏེ་དམིགས་ཡུལ་བཟང་པོ་ཞིག་བསྒྲུབ་རྒྱུའི་དོན་དུ་བྱ་ཐབས་བཟང་པོ་ཞིག་འགོ་བཙུགས་པ་རེད། འདི་ཤིན་ཏུ་ཡག་པོ་བྱུང་འདུག བཟང་པོ་བཟང་མཐར་འཁྱོལ་བ་ཞིག་ཚང་མས་སེམས་ཤུགས་བསྒྲིལ་ཏེ་ནུས་པ་བསྐྱེད་རྒྱུ་གལ་ཆེན་པོ་རེད་བཅས་བརྗོད་འདོད་བྱུང་།༽ ཞེས་པའི་བཀའ་སློབ་རིན་པོ་ཆེ་ཕེབས་དོན་བཞིན་ད་བར་མི་ལོ་ ༢༤ རིང་ལ་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ནས་ཆོལ་ཁ་དང་། ཆོས་ལུགས་ཕོ་མོ་རྒན་གཞོན་དབྱེར་མེད་ལས་གྲུབ་པའི་ཡན་ལག་ས་གནས་དང་འབྲེལ་མཐུད་པ་ ༣༨ ཙམ་ཡོད་པའི་སྒྲིག་འཛུགས་འདིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་དགོངས་དོན་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལིའུ་དང་པོའི་གཞི་རྩའི་ལམ་སྟོན་གྱིས་དོན་ཚན་གཉིས་པ་ནས། དྲུག་པ་བར་གྱི་འབྲུ་དོན་ནང་གསལ་འགལ་མེད་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཐོག་མའི་དམིགས་ཡུལ་བཞིན་མི་མང་ལ་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་གོ་རྟོགས་ལས་འགུལ་དང་། གཞོན་སྐྱེས་ཚོར་ཟབ་སྦྱོང་གོ་སྒྲིག་ལས་འགུལ། བོད་དོན་བདེན་མཐའ་གསལ་ཐབས་ཆེད་སྐད་འབོད་ཞུ་གཏུགས་སོགས་ཀྱི་ལས་འགུལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར་ལོ་ལྔ་རེས། སྤྱི་འཐུས་དང་བཀའ་བློན་ཁྲི་པའམ་སྲིད་སྐྱོང་གི་འོས་བསྡུ་ཆེན་མོ་སླེབས་རིམ་བཞིན་སྐབས་བཅུ་གཉིས་ནས་བཅུ་དྲུག་བར་བཅས་ཀྱི་སྤྱི་འཐུས་སྐབས་ལྔ་ཡི་རིང་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མིའི་དྲིལ་བསྒྲགས་དང་། མི་མང་གི་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་ཕྱི་ལོ་ ༢༠༠༡ དང་། ༢༠༠༦།༢༠༡༡། བཅས་བཀའ་ཤག་སྐབས་གསུམ་དང་། ༢༠༡༦ སྲིད་སྐྱོང་འོས་མི་འཚམས་སྦྱོར་དྲིལ་བསྒྲགས། མི་མང་བསྡུ་འཛོམས་སར་བགྲོ་གླེང་རྒྱ་གང་ཆེ་དང་། མང་ཚོའི་སྤྱི་ཚོགས་ནང་མི་མང་གི་ཆབ་སྲིད་ཀྱི་གོ་རྟོགས་འཕེལ་སླད་དྲི་བ་དྲིས་ལན་སོགས་ལས་འགུལ་རབ་དང་རིམ་པ་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ནས་གོ་སྒྲིག་ཐུབ་པ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་འོས་མི་བཏོན་པ་རྣམས་ལ་བཙན་བྱོལ་བོད་མིའི་རྒྱ་ཆེའི་མང་ཚོགས་ནས་གདེང་འཇོག་ཆེན་པོའི་འོས་ཀྱི་རྒྱལ་ཁ་ཐོབ་པ་ཡང་མང་པོ་བྱུང་ཡོད་པ་མ་ཟད། དཔེར་ན་ད་ལྟའི་ལས་ཐོག་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ལའང་ཐེང་གཉིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་འོས་མིར་བཏོན་ནས་དྲིལ་བསྒྲགས་དང་རྒྱབ་སྐྱོར་ཞུས་དོན་བཞིན་རྒྱལ་ཁ་ཐོབ་པ་བྱུང་ཡོད། འོས་བསྡུའི་ལས་རིམ་ཁྲོད་ནང་ཁུལ་ཆོལ་ཁ་དང་ཤོག་ཁག་འཐེན་འཁྱེར་གྱིས་གླེང་རྙོག་དེ་རིགས་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་རྩ་བ་ནས་མེད་པའི་རྒྱུ་མཚན་གཤམ་གསལ།

༡༽​འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་མཛད་གཙོ་རེ་ཟུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་མིང་ཟུར་འདོན་གྱིས་འགྲེལ་བརྗོད་གནང་སྟངས་ལས་སྤྱི་ཚོགས་ནང་གོ་བ་ལྡོག་ཕྱོགས་སུ་འགྲོ་ཉེན་ཆེ་བས་འབྱུང་རིམ་གསལ་བཤད་ཞུ་དགོས་དོན་དེ་ལྟར་ཡིན།
༢༽​སྐབས་ ༡༦ པའི་གྲོས་ཚོགས་ཚོགས་ཐེངས་ ༦ པའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིར། ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་། ཆོས་བརྒྱུད་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་། རྒྱབ་གཉེར་གསལ་བསྒྲགས་རིགས་བྱེད་མི་ཆོག་ཅེས་གཏན་འབེབས་གནང་བ་དེར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ད་ལྟའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གུས་བརྩི་ཞུ་ཡི་ཡོད།
༣༽​ད་རེས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གནང་དགོས་དོན་ཡང་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྤྱིའི་འོས་བསྡུའི་སྐབས་བོད་མིའི་སྤྱི་ཚོགས་ནང་ཕན་ཚུན་ཆོལ་ཁ་དང་། ཤོག་ཁག་འཐེན་འཁྱེར་གྱི་རྣམ་པ་ཤུགས་ཆེ་བྱུང་བས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཧ་ཅང་ཐུགས་ཕམ་ཆེན་པོས་བཀའ་སློབ་ཕེབས་དགོས་བྱུང་བ་ལས་ལྷག་པ་གང་ཡང་མེད་ཅིང་། ཤོག་ཁག་འཐེན་འཁྱེར་དང་། དེ་ལྟར་ཐུགས་ཕམ་གྱི་བཀའ་སློབ་ཕེབས་དགོས་བྱུང་ཡོད་པའི་རྒྱུ་རྐྱེན་དེ་དག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་འོས་མི་བཏོན་པ་ལ་བརྟེན་ནས་བྱུང་བ་མ་ཡིན་པ་ཕྱི་གསལ་ནང་གསལ་ཡིན།
༤༽​སྲིད་སྤྱིའི་འོས་སྡུའི་སྐབས་ནང་ཁུལ་རྙོག་གླེང་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་སྲིད་སྐྱོང་འོས་མི་བཞེང་མཁན་ཚོས་བཀའ་སློབ་གནང་སྟངས་དང་རྒྱབ་སྐྱོར་བྱེད་མཁན་རེ་ཟུང་གྱིས་ཡ་རབས་བཟང་སྤྱོད་ཀྱི་རྒྱ་ལས་འགལ་བའི་རྒྱབ་སྐྱོར་དྲིལ་བསྒྲགས་བྱེད་སྟངས། རྒྱ་དམར་གྱིས་བཟོས་པའི་སྐད་འཕྲིན་(Wechat) གཙོ་བོར་གྱུར་པའི་སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་ལམ་ཐོག་ནས་འོས་བསྡུའི་བརྒྱུད་རིམ་གྱི་རྙོག་གླེང་དེ་དག་བྱུང་བ་དངོས་གསལ་ཡོངས་གྲགས་ཆགས་ཡོད།​
༥༽​བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཐོག་མའི་དམིགས་ཡུལ་བཞིན་མི་མང་ལ་མང་གཙོའི་འཕེལ་རིམ་དང་ལྷག་པར་སྲིད་དོན་ཚོགས་པ་ཡོད་པའི་དགེ་མཚན་ཇི་ཡོད་ཀྱི་གོ་རྟོགས་ལས་འགུལ། གཞོན་སྐྱེས་ཚོར་ཟབ་སྦྱོང་གོ་སྒྲིག དེ་བཞིན་བོད་དོན་བདེན་མཐའ་གསལ་ཐབས་ཆེད་སྐད་འབོད་དང་ཞུ་གཏུགས་ལས་འགུལ་སོགས་མུ་མཐུད་སྔར་ལྷག་རྒྱུན་འཁྱོངས་བྱེད་རྒྱུ་ཡིན།
༦༽​རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ལིའུ་དང་པོའི་གཞི་རྩའི་ལམ་སྟོན་དོན་ཚན་བཞི་པ། བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་ནང་གསལ་དང་། ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རེ་བཞིན་སྲིད་དོན་གྱི་ཚོགས་པ་བཙུགས་པ་འདིས་མ་འོངས་པའི་དམིགས་ཡུལ་རླབས་ཆེན་པོ་ཞིག་བསྒྲུབ་རྒྱུའི་དོན་ལ་ཞབས་འདེགས་ངེས་ཅན་བསྒྲུབས་པ་རེད་སྙམ་པ་དྲན་གྱི་འདུག ཞེས་བཀའ་སློབས་ཕེབས་དོན་བཞིན་སྲིད་དོན་ཚོགས་པ་མེད་པའི་ད་ཡོད་གྲོས་ཚོགས་ཀྱི་ལམ་ལུགས་འདི་བཞིན་སྲིད་དོན་ཚོགས་པ་རང་བཞིན་ལྡན་པའི་ལམ་ལུགས་ཐོག་འགྲོ་རྒྱུའི་ཆེད་ཁྲིམས་འཆར་གྲོས་ཚོགས་ནང་སླེབས་ཐབས་གནང་དགོས་རྒྱུའི་འབད་བརྩོན་མུ་མཐུད་བྱེད་རྒྱུ་དང་། མ་འོངས་པར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་འོས་བསྡུའི་ལས་རིམ་སྐབས་སུ་ཆ་ཤས་ལེན་ཕྱོགས་ཚོགས་པའི་སྒྲིག་གཞི་ནང་གསལ་བཞིན་འཚོགས་ལ་ཉེ་བའི་སྤྱི་ལོ་ ༢༠༡༩ ལོའི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ནས་ཐག་གཅོད་གནང་རྒྱུ་ཡིན་པ་བཅས།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།  ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༨ ལ།