༢༠༠༨ ལོའི་ས་བྱི་ཞི་རྒོལ་བྱུང་ནས་ལོ་༡༠ འཁོར་བར་དྲན་གསོའི་ལས་འགུལ།

ཕྱི་ལོ་ ༢༠༡༨ ཟླ་ ༨  ཚེས་ ༨ ཉིན་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་།  བོད་ཀྱི་བུད་མེད་ལྷན་ཚོགས ། བོད་རང་བཙན་སློབ་ཕྲུག་ཚོགས་པ།  བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཚོགས་པ་བཞིའི་ཐུན་མོང་གི་གོ་སྒྲིག་འོག་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་ཀྱི་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་བྱུང་བ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་མིང་ཐོག་ནས་ཨོ་ལེན་པིག་རྩེད་འགྲན་འཚོགས་ནས་མི་ལོ་ ༡༠ ཧྲིལ་པོ་འཁོར་བའི་དུས་ཚིགས་རྗེས་དྲན་དང་དྲན་གསོ་མཚོན་ཆེད་དུ་རྒྱ་གར་རྒྱལ་ས་ལྡི་ལིར་རྐང་འཁོར་བསྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད། ལས་འགུལ་ནང་ལྡི་ལི་ཁུལ་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་གྲངས་ ༥༠ ལྷག་ནས་མཉམ་ཞུགས་གནང་ཡོད་པ་དང་ལས་འགུལ་བ་དེ་དག་གིས་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་དགོན་པའི་མཐུན་ཐང་ནས་དབུ་འཛུགས་ཀྱིས་རྒྱ་གར་གྲོས་ཚོགས་གཞུང་ལམ་ Parliament Street བར་རྐང་འཁོར་བསྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་གནང་ཡོད་མ་ཟད།  ཉིན་འདིར་ས་བྱི་ཞི་རྒོལ་དང་འབྲེལ་བའི་བོད་ཕྱི་ནང་གཉིས་ཀྱི་ལས་འགུལ་སྤེལ་སྐབས་ཀྱི་པར་རིགས་དང་། ལྷག་པར་དུ་བོད་ནང་རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ནས་བོད་མི་མང་པོ་དམར་གསོད་དང་འཛིན་བཟུང་བཙོན་འཇུག་སོགས་བྱས་ཡོད་པའི་དངོས་བྱུང་པར་རིགས་ཁག་གི་འགྲེམས་སྟོན་ཞིག་ཀྱང་བོད་སྒར་བསམ་ཡས་གླིང་དགོན་པའི་མདུན་ཐང་དུ་གོང་གསལ་ཚོགས་པ་བཞིའི་གོ་སྒྲིག་ཞུས་གནང་ཡོད་པ་རེད། སྐབས་དེར་ལས་འགུལ་ནང་དབུས་རྒྱུན་ཐུབ་བསྟན་བཀྲིས་དང་ཚེ་རིང་དབྱངས་འཛོམ་གཉིས་དང་ལྡི་ལི་ས་གནས་ཚོགས་གཙོ་རྒན་ལེགས་ལྡན་ས་རྒྱུན་མིག་དམར་བཅས་ས་རྒྱུན་ལས་དང་མི་མང་མཉམ་ཞུགས་བྱས་ཡོད་པ་རེད།

དེ་བཞིན་ཉིན་འདིར་བོད་ཀྱི་གཞུང་འབྲེལ་མིན་པའི་གོང་གསལ་ཚོགས་པ་བཞིའི་ཐུན་མོང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་བྱུང་ནས་མི་ལོ་ ༡༠ ཧྲིལ་པོ་འཁོར་བའི་དུས་ཚིགས་རྗེས་དྲན་ཆེད་དུ་བཞུགས་སྒར་དྷ་རམ་ས་ལའི་མེག་གྷན་ཁྲོམ་གཞུང་ནས་དབུ་འཛུགས་ཀྱིས་ནོར་གླིང་བོད་ཀྱི་རིག་གཞུང་གཅིས་སྐྱོང་ཁང་བར་དུ་རྐང་འཁོར་བསྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ལས་འགུལ་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་དགེ་འདུན་ཚེ་འཕེལ། སྐལ་བཟང་ཕུན་ཚོགས་བཅས་ཀྱི་གཙོས་དབུ་རྒྱུན་དང་དྷ་ས་ས་གནས་རྒྱུན་ལས་དང་མི་མང་བཅས་མཉམ་ཞུགས་བྱས་ཡོད།