བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་བྱས་པའི་ཐེངས་འདིའི་མཛད་རིམ་ཡོངས་ལེགས་པར་གྲུབ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ཀྱི་གོ་སྒྲིག་དང་གདན་ཞུ་ལྟར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༩ ཉིན་གྱི་ཞོགས་པ་སྦེལ་ཀོབ་ལུགས་བདེ་ས་གནས་གཉིས་ཀྱི་མཛད་རིམ་ཡོངས་ལེགས་གྲུབ་གྱིས་ཧོན་སུར་རབས་རྒྱས་གླིང་བོད་མིའི་གཞིས་སྒར་ནང་ཆིབས་བསྒྱུར་བསྐྱངས་གནང་ཡོད

སྐབས་དེར་རྫོང་ཆོས་མཁན་རིན་པོ་ཆེ་མཆོག་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་ཚེ་རིང་གཡུ་སྒྲོན་ལགས། ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས། དེ་བཞིན་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱུན་ལས་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྡེ་མཚན་ཁག་གི་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་དང་བཅས་སེར་སྐྱ་མི་མང་ལ་གོང་གསལ་བརྗོད་གཞི་དང་འབྲེལ་པའི་གསུང་བཤད་དང་མི་མང་གི་དོགས་དྲི་ལ་ལན་འདེབས་གསལ་བཤད་གནང་རྗེས་ཉིན་རྒྱབ་སློབ་གྲྭ་དང་དགོན་སྡེ་ཁག་ལ་གནས་གཟིགས་གནང་བ་སོགས་ཐེངས་འདིའི་ལས་རིམ་ཡོངས་ལེགས་པར་གྲུབ་ཡོད་པ་དང་།  ཉིན་འདིའི་དགོང་དྲོ་བྷིང་ལོར་ལ་ཕེབས་ཐོན་གྱི་དེ་རིང་ཕྱི་ཚེས་༢༠ ཉིན་གྱི་ཞོགས་པ་བྷིང་ལོར་གནམ་ཐང་བར་ལྷོ་སྤྱི་སྐུ་ངོ་མཆོག་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚོགས་གཞོན་གཉིས་ནས་ཕེབས་སྐྱེལ་ཞུས་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ཀྱི་གོ་སྒྲིག་ཞུས་པའི་མཛད་རིམ་ཡོངས་རྫོགས་ལེགས་གྲུབ་གྱི་དཔལ་ལྡན་ཚོགས་གཙོ་མཆོག་བཞུགས་སྒར་རྡ་སར་མཁའ་ལམ་བརྒྱུད་ཕེབས་ཐོན་གནང་ཡོད་པ་རེད་འདུག།