བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་༼མང་གཙོ་དང་ཆིག་སྒྲིལ་༽བཞེས་པའི་བརྗོད་གཞིའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཏམ་བཤད་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་འོག་༼མང་གཙོ་དང་ཆིག་སྒྲིལ་༽བཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཞུང་འབྲེལ་ཐོག་ཆེད་ཕེབས་གནང་ཡོད་པ་རེད།

དེ་ཡང་ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༤ ཉིན་བྷིང་ལོར་ནས་ཧུབ་ལི་བརྒྱུད་མོན་གྷོ་འདོད་རྒུ་གླིང་གཞིས་སྒར་ནང་ལྷོ་སྤྱི་སྐུ་ངོ་ཆོས་འཕེལ་ཐུབ་བསྟན་མཆོག་དང་། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་འཇིགས་མེད་ཚུལ་ཁྲིམས་མཆོག   མོན་གྷོ་ས་འཐུས་ཚོགས་གཙོ་དགེ་བཤེས་རྣམས་རྒྱལ་རྒྱལ་མཚན་མཆོག  དེ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཐོག་ཕེབས་འབྱོར་གནང་ཡོད་པ་དང་། ཕྱི་ཚེས་༡༥ ཉིན་གྱི་ཞོགས་པ་མོན་གྷོ་འདོད་རྒུ་གླིང་མི་མང་ཚོགས་ཁང་ནང་གཞིས་གྲོང་ཁག་བཅུའི་མི་མང་འདུ་འཛོམས་སར་ཐོག་མར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ནས་འཚམས་འདྲི་དང་ངོ་སྤྲོད་གཏམ་བཤད་གནང་ཡོད། དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་རྣམ་གཉིས་ནས་བརྗོད་གཞི་དང་འབྲེལ་པའི་མི་མང་ལ་གསུང་བཤད་དང་དྲི་བར་ལན་འདེབས་གནང་བ་བཅས་ཀྱི་ལས་རིམ་གྲུབ་པ་དང་།   དབུས་སྤྱི་ཁྱབ་ཚོགས་གཞོན་ཀརྨ་གཡང་གྲུབ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་ཡོད། ཉིན་རྒྱབ་འབྲས་སྤུང་བླ་སྤྱིའི་འདུ་ཁང་ནང་བློ་གླིང་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱི་འབྲས་སྤུང་དང་། རྭ་སྟོད། ས་སྐྱ་བཅས་ཀྱི་གྲྭ་མང་ལ་དཔལ་ལྡན་ཚོགས་གཙོ་མཆོག་གིས་གོང་གསལ་བརྗོ་གཞི་དང་འབྲེལ་པའི་གསུང་བཤད་དང་དྲི་པར་ལན་འདེབས་གནང་ཡོད་པ་དང་། ཕྱི་ཚེས་༡༥ ཉིན་རྒྱབ་དགའ་ལྡན་བླ་སྤྱིའི་འདུ་ཁང་ནང་སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་གཉིས་དབུས་བཞུགས་ཀྱི་དགའ་ལྡན་དང་། སྙིང་མ་དགོན་པ་བཅས་ཀྱི་གྲྭ་མང་ལ་དཔལ་ལྡན་ཚོགས་གཙོ་མཆོག་ནས་བརྗོད་གཞི་དང་འབྲེལ་པའི་གསུང་བཤད་དང་དྲི་བར་ལན་འདེབས་བཅས་གནང་ཡོད།   དགོང་དྲོ་ས་གནས་འགོ་འཛིན་དབུས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྡེ་ཚན་ཁག་ནས་ཧོབ་ལི་བར་ཕེབས་སྐྱེལ་ཟབ་རྒྱས་དང་བཅས་དཔལ་ལྡན་ཚོགས་གཙོ་མཆོག་དང་ལྷན་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚོགས་གཞོན་གཉིས་བཅས་མེ་འཁོར་བརྒྱུད་མེ་སོར་ལ་ཕེབས་ཐོན་གནང་ཡོད་པ་རེད།