བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་ལྡི་ལིར༌ས༌བྱི་ཞི་རྒོལ་ཆེན་མོའི་བྱུང་ནས་ལོ་༡༠ འཁོར་པའི་དུས་དྲན་སྲུང་བརྩི་དང་འབྲེལ་གཞི་རྒྱ་ཆེ་པའི་རྔམ་སྟོན་འཁྲོམ་སྐོར་ཀྱི་ལས་འགུལ་ཞིག་སྤེལ་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༠༣ ཚེས་ ༡༤ ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་རྒྱ་གར་རྒྱལ་ས་ལྡི་ལིར༌ས༌བྱའི་ཞི་རྒོལ་གྱི་དྲག་གནོན་ཆེན་མོའི་བྱུང་ནས་མི་ལོ་ཧྲིལ་པོ་ ༡༠ འཁོར་པའི་དྲན་གསོ་ཆེད་གཞི་རྒྱ་ཆེ་པའི་རྔམ་སྟོན་འཁྲོམ་སྐོར་ཀྱི་ལས་འགུལ་ཞིག་སྤེལ་ཡོད།   དེ་ཡང་ཉིན་འདིར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་འོག་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་གཞུང་གིས་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་དང་སྡུག་སྦྱོངས་མནར་གཅོད་བཏང་ཡོད་པའི་ཉི་ནག་དེ་དུས་དྲན་སྲུང་བརྩི་དང་བོད་དོན་དྲིལ་བསྒྲགས་བཅས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་སྤེལ་གནང་ཡོད།   སྐབས་དེར་ལས་འགུལ་ཐོག་རྒྱ་གར་དཔོན་རིགས་ཁག་གཅིག་ཀྱང་གདན་འདྲེན་ཞུས་ནས་བོད་དོན་རྒྱབ་སྐྱོར་གྱི་གདམ་བཤད་སྤེལ་གནང་ཡོད་ལ། ལས་འགུལ་ཐོག་མི་མང་ ༢༠༠ མ་ཟིན་ཙམ་མཉམ་ཞུགས་གནང་ཡོད།  སྐབས་དེར་དབྱིན་བོད་གཉིས་ཐོག་ནས་(གསུམ་པའི་བཅུ་བཞིའི་དོན་རྐྱེན་རྗེས་དྲན།) བསྒྲགས་གཏམ་ཞིག་ཀྱང་སྤེལ་གནང་ཡོད།

ལོ་རེའི་ཟླ་ ༣ ཚེས་ ༡༠ ཉིན་མོ་ནི་བོད་མི་ཚོས་མི་རབས་ནས་མི་རབས་བར་རྗེས་དྲན་བྱེད་དགོས་པའི་ཉིན་མོ་ཞིག་ཡིན་པ་མ་ཟད། ལོ་རྒྱུས་ཀྱི་དོན་སྙིང་དང་འཐབ་རྩོད་ཀྱི་དོན་སྙིང་ཆེན་པོ་ཡོད་པའི་དུས་དྲན་ཞིག་ཀྱང་ཆགས་ཡོད། དེ་ཉིན་བོད་གཞིས་བྱེས་གཉིས་ནས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་དེ་ལ་རྗེས་དྲན་བྱེད་ཀྱི་ཡོད་པ་ལྟར།  སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༠ ནས་ཚེས་ ༡༣ བར་འཚེ་མེད་ཞི་བའི་ཐོག་ནས་ཞི་རྒོལ་འཐབ་རྩོད་བྱས་པ་དང།  མཐར་ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་དེང་རབས་ཀྱི་དྲག་ཆས་སྤྲད་པའི་དམག་དཔུང་བཏང་ནས་དྲག་གནོན་བྱས་ཏེ་མི་ལོ་ཧྲིལ་པོ་བཅུ་འཁོར་བའི་དུས་དྲན་ཞིག་རེད།  བོད་མི་ཚང་མས་གསལ་པོར་ཤེས་དགོས་པ་ནི་རྒྱ་ནག་གཞུང་གིས་བརྙན་འཕྲིན་དང་། རླུང་འཕྲིན། ཚགས་པར་།  དུས་དེབ།  དྲ་རྒྱ་སོགས་རྒྱུད་ལམ་འདྲ་མིན་ཐོག་ནས་སུམ་པའི་བཅུ་བཞིའི་དོན་རྐྱེན་ཞེས་བརྗོད་སྐབས་བོད་མི་མི་ཉུང་བ་ཞིག་གིས་ཀྱང་ཉིན་མོ་དེར་བོད་མི་ཚོས་དྲག་པོའི་ལས་འགུལ་སྤེལ་བ་ལྟ་བུའི་གོ་ལོག་ཐེབས་ཉེན་ཡོད་པ་དང།  ཐ་ན་སུམ་པའི་བཅུ་བཞིའི་དོན་རྐྱེན་ཞེས་ཁ་རྒྱུན་དུ་འཇགས་ནས་བཤད་ཀྱི་ཡོད་པ་དེ་ནི་དོན་དངོས་ལ་ཞིབ་འཇུག་མ་བྱས་པའི་གོ་ལོག་ཞིག་ཡིན་པར་བརྟེན།  ཞི་རྒོལ་འཐབ་རྩོད་དེའི་དོན་དངོས་ཀྱི་རྒྱུད་རིམ་གསལ་པོར་ཤེས་པའི་ཐོག་ནས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་བྱ་རྒྱུ་ཙམ་མ་ཟད།  བོད་མི་ནང་ཁུལ་དུའང་དེ་དང་གཅིག་མཚུངས་ཀྱི་དྲིལ་བསྒྲགས་བྱས་ཏེ། བོད་དོན་འཐབ་རྩོད་ཀྱི་དོན་དངོས་རང་བཞིན་གྱི་གནས་ཚུལ་དེ་ཕྱི་ནང་སྐྱེ་བོ་ཀུན་གྱིས་གསལ་རྟོགས་ཡོང་བ་བྱ་རྒྱུ་དེ་ང་ཚོའི་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད
དེ་ཡང་སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ལྷ་སའི་འབྲས་སྤུངས་དགོན་པའི་དགེ་འདུན་པ ༤༠༠ ལྷག་ཙམ་གྱིས་བོད་ནང་ཆོས་དད་རང་མོས་དགོས་པ་དང།  རྒྱ་མི་བོད་དུ་གནས་སྤོས་བྱས་པ་འཚམས་འཇོག་དགོས་ཞེས་ལྷ་ས་གྲོང་ཁྱེར་ཕྱོགས་སུ་བསྐྱོད་ཡོད་པ་དང། ཡང་དེ་ཉིན་ཕྱི་དྲོ་སེ་ར་དགོན་པའི་དགེ་འདུན་པ་ ༡༤ ཡིས་བོད་ལ་ཆོས་དད་རང་དབང་དགོས་པའི་སྐད་འབོད་གནང་བར་རྒྱ་གཞུང་གི་ཉེན་རྟོག་པས་རྡུང་རྡེགས་བཏང་ནས་འཇུ་བཟུང་བཙན་ཁྲིད་བྱས། ཡང་དེ་ཉིན་ཨ་མདོ་རྡི་ཚ་དགོན་པའི་གྲྭ་པ་ ༦༠ ལྷག་གིས་༸གོང་ས་མཆོག་གི་སྐུ་པར་མཐོན་པོར་བཏེག

ས་པ་དང་བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་པར་།  རྒྱ་གཞུང་གི་ཉེན་རྟོག་དང་དམག་མི་བཏང་ནས་ཕྱིར་བསྐྲོད་བཏང་བ།  རྗེས་སུ་སེར་སྐྱ་མི་མང་ ༤༠༠ ལྷག་འཛོམས་ནས་རྒྱབ་རིར་བསང་གསོལ་བཏང།  ཡང་དེ་ཉིན་ཨ་མདོ་མང་རྭ་ཀླུ་ཚང་དགོན་པའི་གྲྭ་པ་ ༣༠༠ ལྷག་དང་མང་ཚོགས་ཀྱིས་ཞི་རྒོལ་བྱས་པར་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་བཏང་ནས་ཕྱིར་བསྐྲོད་བྱས།  ཡང་དེ་ཉིན་ཨ་མདོ་བླ་བྲང་དགོན་པར་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་བ་དང།  དཀར་མཛེས་རྫོང་དུའང་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་ཡོད།
ཟླ་༣ ཚེས་ ༡༡ ཉིན་སླར་ཡང་སེ་ར་དགོན་པའི་དགེ་འདུན་པ་ ༦༠༠ ལྷག་ཙམ་གྱིས་ཞི་རྒོལ་རྔམ་སྟོན་བྱས་ཏེ་ཚེས་ ༡༠ ཉིན་འཛིན་བཟུང་བྱས་པའི་དགེ་འདུན་པ་ ༡༤ དེ་དག་གློད་གྲོལ་དགོས་པའི་རེ་བ་བཏོན་ཀྱང། རྒྱ་གཞུང་གིས་ཕྲལ་དུ་དམག་མི་དང་ཉེན་རྟོག་པ་བཏང་ནས་སླར་ཡང་གྲྭ་པ་འགའ་ཤས་འཇུ་བཟུང་བྱས་པའི་ཁར་དམག་མི་དང་ཉེན་རྟོག་པས་དགོན་པར་མཐའ་བསྐོར་བ་དང་དགོན་པའི་འཐུང་ཆུ་བཀག་པ་མ་ཟད།  ཟ་ཁང་ཁག་གི་སྒོ་བརྒྱབ་ནས་གྲྭ་མང་གི་འཚོ་བར་འགོག་རྐྱེན་བཟོས། ཚེས་༡༢ ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་གཉིས་ཀྱིས་ལག་པའི་ཁྲག་རྩ་བཅད་པ་དང་སེ་ར་དགོན་པའི་གྲ་མང་གིས་སླར་ཡང་ཟད་བཅད་ངོ་རྒོལ་བྱས།  ཕྱི་དྲོར་ལྷ་སའི་དགའ་ལྡན་དགོན་པའི་གྲ་མང་གིས་དགོན་པའི་ནང་ངོ་རྒོལ་བྱས་པར་དེ་མ་ཐག་དམག་མི་དང་ཉེན་རྟོག་པ་བཏང་ནས་དགོན་པའི་མཐའ་སྐོར།   དེ་ཉིན་ལྷ་སར་ལས་ཁུངས་མང་པོ་ཞིག་ནས་ཚེས་ ༡༠  དང་ཚེས་  ༡༡  ཉིན་གྱི་དོན་རྐྱེན་དང་འབྲེལ་བའི་ཛ་དྲག་གི་བརྡ་ཁྱབ་ཚོགས་འདུ་སྐོང་འཚོགས་བྱས་ཏེ།  ལས་ཁུངས་ཁག་གི་ལས་བྱེད་དང་སོ་སོའི་ནང་མི་སོགས་ས་ཆ་གང་བྱུང་དུ་འགྲོ་མི་ཆོག་པ་དང་།  སྐད་ཆ་གང་བྱུང་བཤད་མི་ཆོག་པ། དོགས་པ་འདྲ་མིན་སྐྱེ་མི་ཆོག་པ་སོགས་མི་ཆོག་པ་གསུམ་ཟེར་བ་ནན་བརྗོད་བྱས།  ཚེས་  ༡༣  ཉིན་ལྷ་སའི་བྱང་ཕྱོགས་ཆུ་བཟང་དགོན་པའི་བཙུན་མ་ ༡༥༠ ལྷག་ཙམ་གྱིས་བར་སྐོང་ནང་ངོ་རྒོལ་སྐད་འབོད་བྱེད་པར་བསྐྱོད་ཞོར་ལམ་བར་དུ་དམག་མི་དང་ཉེན་རྟོག་པས་བཀག་འགོག་བྱས་པ་དང།  ཉིན་དེ་རང་ལ་དགའ་ལྡན་དགོན་པ་དང།  འབྲས་སྤུངས་དགོན་པ།  སེ་ར་དགོན་པ་བཅས་སྒོ་བརྒྱབ་ནས་གྲ་མང་དགོན་པའི་ཕྱི་ལ་འགྲོ་མི་ཆོག་པ་དང། ཕྱི་མི་དགོན་པའི་ནང་འཛུལ་མི་ཆོག་པ།  སེ་ར་དང་འབྲས་སྤུངས་སོགས་གལ་ཆེའི་གཞུང་ལམ་ཡོངས་རྫོགས་བཀག་བསྡོམས་བྱས།

ཚེས་  ༡༤  ཉིན་གྱི་ཞོགས་པར་ཉིན་ཤས་རིང་བཟང་བཙོན་ལྟ་བུར་བཀག་བསྡོམས་བྱས་པའི་རྭ་མོ་ཆེ་གཙུག་ལག་ཁང་གི་གྲྭ་པ་དང་།ཉེ་འགྲམ་ན་ཡོད་པའི་ཚེ་དཔག་ལྷ་ཁང་གི་གྲྭ་མང་མཉམ་རུབ་ཀྱིས་ཞི་རྒོལ་བྱས་པ་དང།  དགོན་པའི་ཕྱི་རོལ་ན་ཡོད་པའི་ཉེན་རྟོག་པའི་རླང་འཁོར་མགོ་རྟིང་སློག་པར་དེ་མ་ཐག་དམག་མི་བཏང་ནས་གྲྭ་མང་ལ་རྡུང་རྡེགས་བཏང་བར་བརྟེན།  བོད་མི་ཚོ་ཁོང་ཁྲོ་སློང་གཞིར་གྱུར་ནས་བོད་མི་སྟོང་ཕྲག་མང་པོས་ཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང།  དེ་མ་ཉིད་དུ་ཁྲོམ་གཟིགས་སྒང་དང་།  བར་སྐོར་བསྐོར་སོགས་ཁྲོམ་གཞུང་གང་ས་ནས་བོད་མི་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས། དེ་མ་ཐག་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པས་བོད་མི་ཞི་རྒོལ་བའི་ཐོག་དངོས་སུ་མེ་མདའ་རྒྱག་འགོ་ཚུགས་ནས་བོད་མི་དམར་གསོད་བཏང་བ་དང།  སྐར་མ་རེ་རེ་དང་ཆུ་ཚོད་རེ་རེའི་ནང་ལྷ་སའི་ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བོད་མི་ཞི་རྒོལ་བའི་ཐོག་མེ་མདའ་རྒྱག་པའི་སྒྲ་སྔར་ལས་ཆེ་རུ་འགྲོ་བ་དང།   མེ་མདའ་སྟུད་མར་རྒྱག་པའི་ཤུགས་ཚད་ཀྱང་ཆེ་རུ་འགྲོ་བཞིན་ཡོད་ལ།  གཞུང་ཕྱོགས་ནས་དངོས་སུ་མེ་མདའ་རྒྱག་ཆོག་པའི་བཀའ་ཡང་འབྱོར་བར་བརྟེན།   ཁོ་ཚོས་བོད་མི་ཇི་ཙམ་བསད་ཀྱང་བསད་ཆོག་ཆོག་ཆགས་ཡོད།  ཐེངས་དེའི་དྲག་གནོན་ཁྲོད་ནས་བྲོས་བྱོལ་ཐུབ་པའི་མི་ཞིག་གིས་བརྗོད་པར་གཞིགས་ན།  ལྷ་སའི་ཀླུ་སྦུབ་ཕྱོགས་དང།  རྭ་མོ་ཆེ་ཁྲོམ་གཞུང་། བར་སྐོར་ཁྲོམ་གཞུང་སོགས་སུ་སྐད་འབོད་བྱེད་མཁན་ཐོག་མེ་མདའ་རྒྱབ་ནས་འགྱེལ་འགྲོ་མཁན་གང་སར་མཐོང་རྒྱུ་འདུག་ལ།  དེ་ཚོ་ཚང་མ་བོད་མི་ཡིན་པ་མ་ཟད་།  ཁོ་ཚོའི་ཁྲོད་ལང་ཚོ་དར་ལ་བབ་པའི་གཞོན་སྐྱེས་ཡོད་ལ།  སྐྲ་དཀར་གྱི་འདབ་མས་བཏུམས་པའི་རྒན་རྒོན་ཡང་ཡོད་ཅིང།  ངུར་སྨྲིག་་གི་ན་བཟའ་ཆོད་པའི་གྲྭ་བཙུན་ཡོད་ལ།  སློབ་ཆུང་གི་སྒོ་འགྲམ་དུ་བསྐྱོད་མ་ཐག་པའི་ལོ་ཆུང་གི་བྱིས་པ་ཡང་ཡོད།  ཡིན་ནའང། དམར་གསོད་བཏང་ཟིན་པའི་བོད་མིའི་ཕུང་པོ་ཚང་མ་དམག་མི་དང་ཉེན་རྟོག་པས་འཕྲོག་སྟེ་འཁྱེར་འགྲོ་གི་འདུག་ཅེས་བརྗོད་ཡོད།དེ་ཉིན་ཨ་མདོ་བླ་བྲང་བཀྲིས་འཁྱིལ་དགོན་པའི་གྲྭ་མང་ ༤༠༠ ལྷག་དང་སེར་སྐྱ་མི་མང་གིས་བོད་ཀྱི་རྒྱལ་དར་འཁྱེར་ནས་བོད་རང་བཙན་ཡིན།  ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག  བོད་ལ་ཆོས་དད་རང་མོས་དགོས་ཞེས་ངོ་རྒོལ་བྱས་པ་དང།  ཡང་དེ་ཉིན་བོད་བྱང་ཕྱོགས་ནག་ཆུ་ཁུལ་དུ་ལས་འགུལ་སྤེལ་བར་དམག་མི་དང་ཉེན་རྟོག་པ་བཏང་ནས་དགོན་པ་བཀག་བསྡོམས་བྱས།  དེའི་སང་ཉིན་ཁམས་རྟའུ་རྫོང་དུ་སེར་སྐྱ་མི་གྲངས་ ༡༠༠ ལྷག་ཙམ་གྱིས་ཞི་རྒོལ་བྱས་པ་དང།   དེར་མཐུད་ནས་ལི་ཐང་དང་དཀར་མཛེས་སོགས་སུ་ཡང་ངོ་རྒོལ་བྱས་ཡོད། དེ་ཉིན་མདོ་སྨད་བསང་ཆུ་རྫོང་དུ་མི་མང་ཁྲི་ཚོ་བརྒལ་བས་ཞི་རྒོལ་བྱས།  ཚེས་ ༡༥ ཉིན་ལྷ་སའི་མཐའ་སྐོར་དུ་ཡོད་པའི་སྟག་རྩེ་དང།  ལྷུན་གྲུབ་རྫོང། མལ་གྲོ་གུང་དཀར་རྫོང་སོགས་སུ་ངོ་རྒོལ་བྱས་པར་ལྷ་ས་ནས་དམག་མི་དང་ཉེན་རྟོག་པ་བཏང་ནས་དྲག་གནོན་བྱས་།  དེ་ཉིན་མདོ་སྨད་བླ་བྲང་ཁུལ་དུ་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བས་ཞི་རྒོལ་བྱས་པ་དང།  ཚེས་༡༥ཉིན་མདོ་སྨད་བསང་ཆུ་རྫོང་དང་གཙོས་ཁུལ་དུའང་ངོ་རྒོལ་བྱས་ཡོད།  ཚེས་  ༡༦ ཉིན་ལྷོ་ཁ་བསམ་ཡས་དུ་ངོ་རྒོལ་བྱས་པ་དང།  ད་དུང་གྲྭ་པ་ཚོས་རླང་འཁོར་ཆེན་པོ་གཉིས་ལ་བསྡད་རྩེད་ཐང་གྲོང་ཁྱེར་དུ་ལས་འགུལ་སྤེལ་བར་བསྐྱོད་ཀྱང་དམག་མི་དང་ཉེན་རྟོག་པས་བཀག་བསྡོམས་བྱས།  བོད་བྱང་ཐང་ནག་ཆུ་ཁུལ་ནས་ངོ་རྒོལ་བྱས་པ་དང།   གཙང་བཀྲིས་ལྷུན་པོའི་དགོན་པ་ནས་ངོ་རྒོལ་བྱས་པ་དང་དེར་མཐུད་གཞིས་རྩེ་ས་སྐྱ་རྫོང་ནས་ཀྱང་ངོ་རྒོལ་བྱས་ཡོད། དེ་ཉིན་ཨ་མདོ་རྔ་པ་ཁུལ་དུ་སེར་སྐྱང་མི་མང་ཁྲི་ཚོ་རྒལ་བས་ངོ་རྒོལ་བྱས་པར་དམག་མི་དང་ཉེན་རྟོག་པས་དྲག་གནོན་བྱས་ཏེ་རང་སར་མི་ ༣༠ ལྷག་ཙམ་དམར་གསོད་བཏང་བ་དང།  དེའི་ཁྲོད་ནས་ཕུང་པོ་ ༡༨ ཀིརྟི་དགོན་པར་བསྐྱལ་ནས་བྱ་གཏོར་བྱས།

དེ་ལྟར་ས་བྱིའི་ཞི་རྒོལ་ཆེན་མོ་དེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་མཐར་བོད་ཀྱི་རྒྱལ་ཡོངས་ས་གནས་ཀུན་ལ་ཁྱབས་ཤིང་།  དེ་ཡང་མཛའ་གཞས་ཀྱི་ཕ་སར་གྲགས་པའི་ཤར་མདར་རྩེ་མདོ་ནས་གུ་གིའི་གནའ་ཤུལ་གྱི་མཁར་རྫོང་བར་དང་།  བོད་ཀྱི་དགོན་སྡེ་དང་པོ་ལྷོ་ཁའི་བསམ་ཡས་ནས་བོད་བྱང་ཐང་གི་རྩ་ཐང་བར།  སྨད་ཀྱི་མཚོ་སྔོན་པོའི་ཉེ་འགྲམ༌ནས་མི་ལ་རས་ལའི་ཞབས་རྗེས་མ་ཡལ་བའི་ལ་སྟོད་རིང་བར་གྱི་བོད་ཡུལ་གང་སར་ཁྱབས་པ་རེད།  འཐབ་རྩོད་དེའི་ནང་བོད་མི་ཇི་ཙམ་གྱི་ཚེ་སྲོག་ཤོར་བ་དང་འཛིན་བཟུང་བཙོན་འཇུག་བྱས་པའི་གྲངས་ཚད་ནི་འབྲེལ་ཡོད་ཚན་པས་ཞིབ་འཇུག་བྱས་པའི་སྙན་ཐོར་བལྟས་ན།  བོད་མི་ ༢༢༥  ཡི་ཚེ་སྲོག་ཤོར་ཡོད་པ་དང།  བོད་མི་  ༦༨༠༠ ལྷག་ཙམ་འཇུ་བཟུང་བྱས་ཡོད་པ་དང།  མི་གྲངས་ ༥༡༠ ཙམ་ཚད་གཞི་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། གྲངས་ཚད་འདི་དག་ནི་རྒྱ་ནག་གཞུང་གི་ཤིན་ཏུ་དམ་དྲག་དང་བཀག་བསྡོམས་ཆེ་བའི་གནས་སྟངས་ཀྱི་འོག་ང་ཚོས་ཤེས་རྟོགས་བྱུང་བ་ཞིག་ཡིན་པས།  དོན་དངོས་ཐོག་བོད་མི་ཚེ་སྲོག་ཤོར་བ་དང་འཛིན་བཟུང་བཙོན་འཇུག་པ།གར་སོང་ཆ་མེད་དུ་གྱུར་བ་ནི་དེ་ལས་ཀྱང་ལྡབ་མང་པོས་མང་བ་ཡོད་པ་སྨོས་མེད་རེད།

ལོ་དེའི་ཟླ་བ་བརྒྱད་པར་རྒྱ་ནག་ནང་རྒྱལ་སྤྱིའི་ཨའོ་ལེན་ཧྤིང་གི་རྩེད་འགྲན་འཚོགས་བཞིན་ཡོད་པ་དང།  དུས་སྐབས་དེ་དང་བསྟུན་ནས་རྒྱ་ནག་གཞུང་གིས་ཀྱང་རྒྱལ་སྤྱིའི་སྡེང་ཆའི་ཐོག་རྒྱ་ནག་རྒྱལ་ཁབ་ཀྱི་མཚན་སྙན་དང་ཆེ་མཐོང་སྐྲུན་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པར་བརྟེན། བོད་ནང་བྱུང་བའི་ས་བྱིའི་ཞི་རྒོལ་ཆེན་མོའི་བྱུང་རིམ་དང་ལས་འགུལ་གྱི་ངོ་བོའི་ཐོག་ལ་འགྲེལ་ལོག་སྣ་ཚོགས་བརྒྱབ་བཞིན་ཡོད།  དེ་ལྟར་འགྲེལ་ལོག་རྒྱག་མཁན་རང་ཉིད་དྲག་པོའི་སྲིད་གཞུང་ཡིན་པའི་གདོང་རིས་དམར་རྗེན་དུ་མངོན་ཡོད།  སྐབས་དེར་ལྷ་སར་ཡོད་པའི་ཕྱི་རྒྱལ་ཡུལ་སྐོར་བ་སོགས་ཀྱིས་དངོས་བྱུང་གི་གནས་ཚུལ་མང་པོ་ཞིག་པར་ལེན་བྱས་ཡོད་པ་མ་ཟད།  ཐ་ན་རིགས་འགའ་ཞིག་གིས་རྒྱ་དམག་གིས་མེ་མདའ་རྒྱག་བཞིན་ཡོད་པའི་གནས་ཚུལ་དང་མེ་མདའི་སྐད་སྒྲ་སོགས་ཀྱང་སྒྲ་འཇུག་བྱས་པའི་དངོས་དོན་གྱི་བདེན་དཔང་བྱས་ཡོད།  ཡིན་ནའང་།རྒྱ་གཞུང་གིས་འཁྱོགས་བཤད་དེ་ལྟར་བྱེད་དོན་ནི་རྒྱ་ནག་གཞུང་ལ་ཐོག་མ་ཉིད་ནས་ཆབ་སྲིད་ཀྱི་ཐོག་ལ་གཡོ་བྱུས་འདི་འདྲ་ཞིག་ཡོད་པ་སྟེ།  རྫུན་གཏམ་གཅིག་ཐེངས་བརྒྱ་བཤད་ན་བདེན་པར་གྱུར་གྱི་རེད་ཅེས་པའི་ལམ་སྲོལ་ཞིག་ཡོད་པར་བརྟེན་ལམ་སྲོལ་དེ་ཡི་རྗེས་སུ་དྲངས་པ་ཞིག་རེད།

གང་དུ་གཉའ་གནོན་ཡོད་ན།དེ་རུ་ངོ་རྒོལ་ཡོད་ཞེས་པ་ལྟར་ས་བྱིའི་ཞི་རྒོལ་ཆེན་མོའི་འཐབ་རྩོད་དེ་ཡང་དྲང་བདེན་གྱི་འཐབ་རྩོད་དང་རང་དབང་དོན་གཉེར་གྱི་འཐབ་རྩོད་ཅིག་རེད་ལ།  ཆོལ་གསུམ་བོད་མི་ཡོངས་ཀྱིས་རྡོག་རྩ་གཅིག་བསྒྲིལ་བྱས་ཏེ་དགྲ་ལ་མཉམ་སྡང་དང་གཉེན་ལ་མཉམ་གདུང་བྱེད་པའི་འཐབ་རྩོད་ཅིག་ཆགས་ཡོད།  འཐབ་རྩོད་དེའི་ཐོག་ནས་ང་ཚོའི་མི་རིགས་འདི་བཙན་པོའི་རྒྱལ་རབས་འཐོར་གཞིགས་སུ་སོང་བ་ནས་ལོ་ངོ་བརྒྱ་ཕྲག་རང་བྱུང་མྱོང་མེད་པའི་མཐུན་བསྒྲིལ་གྱི་རྩེ་མོར་གསོན་ཡོད་པ་མཚོན་ཡོད་ལ།  མི་རབས་རྙིང་པས་འཐབ་རྩོད་བྱས་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་དེ་མི་རབས་གསར་པས་རྒྱུན་འཛིན་ཐུབ་པ་མ་ཟད། སྔར་བས་ཡག་ཐོག་ཡག་བརྩེགས་ཀྱི་མདུན་དུ་བསྐྱོད་པའི་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ་ཡང་མཚོན་ཡོད།  སྤྱི་ལོ་ ༢༠༡༡ ལོར་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ནས་ད་བར་གཞིས་བཞུགས་བོད་མི་ ༡༥༢ ཀྱིས་རང་ལུས་མེར་བསྲེགས་ཀྱི་ཐོག་ནས་རྒྱ་གཞུང་གི་བཙན་གནོན་དབང་བསྒྱུར་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རིམ་པ་གསར་པ་ཞིག་ལ་སླེབས་ཡོད།འཐབ་རྩོད་འདི་ལྟ་བུ་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་སྔོན་ཆད་བྱུང་མ་མྱོང་བ་ཞིག་རེད་ལ།འཛམ་གླིང་ཡོངས་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཐོག་ཏུའང་བྱུང་མ་མྱོང་ཞིག་རེད།

མི་ལོ་ཧྲིལ་པོ་བཅུ་འདས་ཟིན་། ས་བྱི་ཞི་རྒོལ་འཐབ་རྩོད་ཀྱི་ནང་ཚེ་སྲོག་ཤོར་བ་དང། རྒྱ་ནག་གཞུང་གི་བཙོན་ཁང་ཁག་གི་ནང་ཉིན་མཚན་མེད་པར་དཀའ་སྡུག་དང་སྡུག་སྦྱོང་སྣ་ཚོགས་མྱོང་བཞིན་ཡོད་པའི་བོད་མི་དེ་དག་ནི་ང་ཚོའི་མི་རིགས་ཀྱི་མཆོག་ཏུ་གྱུར་བའི་བུ་རྒྱུུད་བཟང་པོ་ཞིག་རེད་ལ། ཁོང་རྣམས་ཀྱིས་་ང་ཚོའི་མི་རིགས་ཀྱི་རང་དབང་དང་བདེན་དོན་གྱི་ཆེད་བློས་གཏོང་མཛད་པའི་དཔའ་མཛངས་ཀྱི་སྙིང་སྟོབས་དང་ལར་ཞེན་ནི་རི་རྒྱལ་ལས་དཔང་མཐོ་བ་དང་རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་རེད།  ཁོང་རྣམས་ཀྱི་གཟི་རྗིད་ལྡན་པའི་མཛད་རྗེས་དེ་དག་བོད་ཀྱི་རྒྱལ་རབས་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་ངེས་ཡིན་པ་མ་ཟད།  མི་རབས་ནས་མི་རབས་བར་ཁོང་རྣམས་རྗེས་དྲན་བྱེད་ངེས་རེད།  མཐའ་དོན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་རྒྱར་བརྟན་པ་དང། གཞིས་བྱེས་མཉམ་འཛོམས་ཀྱི་བསྐལ་བཟང་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་རེ་སྨོན་དང་བཅས།

བོད་ཀྱི་གཞོན་ནུ་ལྷན་ཚོགས།

བོད་ཀྱི་བེུད་ལྷན་ཚོགས།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ།

བོད་ཀྱི་དགུ་བཅུ་ལས་འགུལ་ཚོགས་པ།

བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་

སྤྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ཉིན།