རྩ་ཁྲིམས་དང་སྒྲིག་སྲོལ།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྩ་ཁྲིམས་དང་སྒྲིག་སྲོལ།།

སྔོན་གླེང།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་བོད་རང་བཙན་ཐོབ་མཚམས།  བོད་དེ་སྲིད་དོན་ཚོགས་པས་གཞུང་འཛིན་བྱ་དགོས་པའི་བཀའ་སློབ་དང།  བོད་མིའི་སྤྱི་ཚོགས་ཀྱི་ནང་དུའང་སྲིད་དོན་ཚོགས་པའི་བཀའ་སློབ་དང།  བོད་མིའི་སྤྱི་ཚོགས་ཀྱི་ནང་དུའང་སྲིད་དོན་ཚོགས་པ་དགོས་གལ་གྱི་བསམ་ཚུལ་ཡོད་པ།  འཛམ་གླིང་མང་གཙོའི་འཕེལ་ཕྱོགས་བཅས་ལ་བསྟུན་ནས།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་བརྒྱད་པར།  སྲིད་དོན་ཚོགས་པ་ཞིག་ཟུར་འཛུགས་བྱ་རྒྱུར་གྲོས་འཆམ་བྱུང་བ་ལྟར།  ༸གོང་ས་མཆོག་གི་དབུ་ཁྲིད་འོག་བོད་རང་བཙན་སླར་གསོ་དང།  བོད་དེ་དེང་དུས་དང་ཡར་ཐོན་ཅན་གྱི་མང་གཙོའི་ཐོག་ནས་ཡུལ་མི་རྣམས་ལ་ཆོས་དང།  ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐོབ་ཐང་འདྲ་མཉམ་དང་དྲང་བདེན་ཡོང་ཐབས་སུ།  རྩ་ཁྲིམས་འདི་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་དང་པོས།  བོད་རྒྱལ་ལོོ་ ༢༡༢༡ ཕྱི་ལོ ༡༩༩༤ ཟླ་ ༩ ཚེས་ ༩ ལ་གཏན་ལ་ཕབ་པའོ།།

དཀར་ཆག

རྩ་ཁྲིམས།

སྔོན་གླེང།

དོན་ཚན་དང་པོ།་་་་་་་་་་་་་་་་་་་་་་་་་་་་་་་སྲིད་དོན་ཚོགས་པའི་མིང།་་་་་་་་་་་་་་་་་་་་་༡

དོན་ཚན་གཉིས་པ།་་་་་་་་་་་་་་་་་་་་་་་་་་་དམིགས་ཡུལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢

དོན་ཚན་གསུམ་པ།་་་་་་་་་་་་་་་་་་་་་་་་་་དགོས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣

དོན་ཚན་བཞི་པ།་་་་་་་་་་་་་་་་་་་་་་་་་་་་་་་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར།་་་་་་༤

དོན་ཚན་ལྔ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་ཚོགས་པའི་དར་ཆ།་་་་་་་་་་་་་་་་་་་་་་་་་་་་་་་་༥

དོན་ཚན་དྲུག་པ།་་་་་་་་་་་་་་་་་་་་་་་་་་་་་་་་་སྒྲིག་འཛུགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༦

དོན་ཚན་བདུན་པ།་་་་་་་་་་་་་་་་་་་་་་་་་་་་་་་ས་ཁུལ་ཆ་བགོས།་་་་་་་་་་་་་་་་་་་་་་་་་་་་་་༧

དོན་ཚན་བརྒྱད་པ།་་་་་་་་་་་་་་་་་་་་་་་་་་་་་་་་ཚོགས་ཞུགས།་་་་་་་་་་་་་་་་་་་་་་་་་་་་་་་་་་༨

དོན་ཚན་དགུ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་ལས་ཡུན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༩

དོན་ཚན་བཅུ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཚོགས་མིའི་དེབ་སྐྱེལ།་་་་་་་་་་་་་་་་་་་་་་་༡༠

དོན་ཚན་བཅུ་གཅིག་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་ས་གནས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༡

དོན་ཚམ་བཅུ་གཉིས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་ས་གནས་རྒྱུན་ལས།་་་་་་་་་་་་་་་་་་་་་་་་་༡༢

དོན་ཚན་བཅུ་གསུམ་པ།་་་་་་་་་་་་་་་་་་་་་་་་་་་་་རྫོང་གི་ལྷན་ཚོགས།་་་་་་་་་་་་་་་་་་་་་་་་་་་༡༣

དོན་ཚན་བཅུ་བཞི་པ།་་་་་་་་་་་་་་་་་་་་་་་་་་་་་་་་་རྫོང་གི་རྒྱུན་ལས།་་་་་་་་་་་་་་་་་་་་་་་་་་་་་་་༡༤

དོན་ཚན་བཅོ་ལྔ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་མངའ་སྡེ་ལྷན་ཚོགས།་་་་་་་་་་་་་་་་་་་་་་་་་༡༥

དོན་ཚན་བཅུ་དྲུག་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་མངའ་སྡེ་རྒྱུན་ལས།་་་་་་་་་་་་་་་་་་་་་་་་་་་་་༡༦

དོན་ཚན་བཅུ་དུན་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་རྒྱལ་ཡོངས་ལྷན་ཚོགས།་་་་་་་་་་་་་་་་་་་་་༡༧

དོན་ཚན་བཅོ་བརྒྱད་པ།་་་་་་་་་་་་་་་་་་་་་་་་་་་་་་་རྒྱལ་ཡོངས་ཚོགས་གཙོའི་འོས་བསྡུ།་་་་་༡༨

དོན་ཚན་བཅུ་དགུ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་རྒྱལ་ཡོངས་ཚོགས་གཙོའི་ལས་ཡུན།་་་་་་༡༩

དོན་ཚན་ཉི་ཤུ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས།་་་་་་་་་་་་་་་་་༢༠

དོན་ཚན་ཉེར་གཅིག་པ།་་་་་་་་་་་་་་་་་་་་་་་་་་་་་་་རྒྱལ་ཡོངས་ཚོགས་ཆེན།་་་་་་་་་་་་་་་་་་་་་་་་་་༢༡

དོན་ཚན་ཉེར་གཉིས་པ།་་་་་་་་་་་་་་་་་་་་་་་་་་་་་་་་དམིགས་བསལ་ཚོགས་ཆེན།་་་་་་་་་་་་་་་་་་་༢༢

དོན་ཚན་ཉེར་གསུམ་པ།་་་་་་་་་་་་་་་་་་་་་་་་་་་་་་་གདན་ཞུའི་ཚོགས་མི།་་་་་་་་་་་་་་་་་་་་་་་་་་་་་་༢༣

དོན་ཚན་ཉེར་བཞི་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་དབང་ཆ་དང་ཁྱབ་ཚད།་་་་་་་་་་་་་་་་་་་་་་་་་་་་༢༤

དོན་ཚན་ཉེར་ལྔ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འོས་བསྡུའི་ལམ་སྲོལ།་་་་་་་་་་་་་་་་་་་་་་་་་་་་་་༢༥

དོན་ཚན་ཉེར་དྲུག་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འོས་བསྡུ་ལྷན་ཁང།་་་་་་་་་་་་་་་་་་་་་་་་་་་་་་་་་་༢༦

དོན་ཚན་ཉེར་བདུན་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་འོས་བསྡུ་དང་འབྲེལ་བའི་རྩོད་རྙོག།་་་་་་་་་་་་༢༧

དོན་ཚན་ཉེར་བརྒྱད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་གྲོས་ཚོགས་ལས་དོན་ཚོགས་ཆུང།་་་་་་་་་་་་་༢༨

དོན་ཚན་ཉེར་དགུ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ས་དམིགས་སྟོང་པ་ཁག་་་་་་་་་་་་་་་་་་་་་་་་་་་་་་༢༩

དོན་ཚན་སུམ་བཅུ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྩ་ཁྲིམས་བསྐྱར་བཅོས།་་་་་་་་་་་་་་་་་་་་་་་་་་་་་༣༠

དོན་ཚན་སོ་གཅིག་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བར་བརྒལ་གྱི་ཆ་རྐྱེན།་་་་་་་་་་་་་་་་་་་་་་་་་་་་་་་་༣༡

དོན་ཚན་སོ་གཉིས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་འགོ་འཛུགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣༢

སྒྲིག་སྲོལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣༣

ཚོགས་མིའི་སྐོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣༤

རྒྱལ་ཡོངས་ཚོགས་གཙོའི་འོས་བསྡུ།་་་་་་་་་་་་་་་་་་་་་་་་་་་་་་༣༥

སྒྲིག་སྡོམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣༦

སྤྱིར་བཏང།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣༧

འགེངས་ཤོག་ཀ་པ། ཚོགས་མི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣༨

འགེངས་ཤོག་ཁ་པ།  ཁུར་ཁྱེར་ཚོགས་མི་་་་་་་་་་་་་་་་་་་་་་་་་༣༩

འགེངས་ཤོག་ག་པ།  བསྐྱར་ཞུགས་ཀྱི་ཁུར་ཁྱེར་ཚོགས་མི།་་་་་་་་༤༠

ཚོགས་གཙོ་དང་སྤྱི་ཁྱབ་རྒྱུན་ལས་ཀྱི་ལས་ཁུར་དམ་བཅའ།་་་་་་་་་་་༤༡

 

དོན་ཚན་དང་པོ།  སྲིད་དོན་ཚོགས་པའི་མིང།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ།

དོན་ཚན་གཉིས་པ།  དམིགས་ཡུལ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མིའི་རྩ་དོན་ཆོལ་གསུམ་ཆིག་སྒྲིལ་གྱི་རང་བཙན་སླར་གསོའི་ལས་དོན་ལ་འབད་བརྩོན་མཐར་ཕྱིན་བྱ་རྒྱུ་དང།  ཕ་མེས་ནས་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཕྱུག་པོ་ལས་བློ་སྟོབས་སྐྱེད་ཅིང།  དེང་དུས་ཡར་ཐོན་ཅན་གྱི་མང་གཙོའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཐབས་སུ་གྲོས་ཚོགས་ལམ་ལུགས་ཀྱི་ཐོག་ནས་ཡུལ་མི་རྣམས་ལ་ཆོས་དང།  ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐོབ་ཐང་འདྲ་མཉམ་དྲང་བདེན་ཡོད་པ་དང། གཞན་ཡང་འཛམ་གླིང་ཞི་བདེ་དང།  ཁོར་ཡུག་སྲུང་སྐྱོབ་ལ་དམ་འཛིན་བྱ་རྒྱུ།།

དོན་ཚན་གསུམ་པ།  དགོས་པ།

༡) ཆོལ་ཁ་དང། ཆོས་ལུགས། ལུང་ཚན། གོ་གནས་བཅས་ཀྱི་འཐེན་འཁྱེར་སྤངས་ཏེ་མང་གཙོ་ཡང་དག་པ་ཞིག་ཡོང་ཐབས།

༢) བོད་རང་བཙན་ཐོབ་མཚམས་མང་གཙོ་ཡང་དག་གི་ལམ་དུ་ཤར་སྐྱོད་ཐུབ་པར་ད་ལྟ་ནས་དེ་ཐོག་སློབ་སྦྱོང་བྱ་རྒྱུ་དང།  ཉམས་མྱོང་བསག་རྒྱུ།

༣) བོད་ཀྱི་རྩ་དོན་རང་བཙན་གྱིས་མཚོན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་འཛིན་པའི་གཞི་རྩའི་སྲིད་བྱུས་རྣམས་གཞུང་དང་གཞུང་འཛིན་མི་སྣ་འཕོ་འགྱུར་ལ་མ་ལྟོས་པར་རྒྱུན་འཛིན་ཡོང་ཐབས།

༤) དམིགས་ཡུལ་དང་ལངས་ཕྱོགས་གཅིག་མཐུན་ཅན་གྱི་བོད་མིའི་བསམ་སྤྱོད་ཀྱི་ནུས་པ་འདོན་སྤེལ་བྱེད་སའི་སྡིངས་ཆར་འགྱུར་ཐབས།

༥)  རྒྱལ་སྤྱིའི་ནང་དམིགས་ཡུལ།  ལྟ་བ།  ལངས་ཕྱོགས་གཅིག་མཐུན་གྱི་གཞུང་དང་ཚོགས་པ་ཁག་ལ་དོན་འབྲས་ལྡན་པའི་འབྲེལ་ལམ་ཡོང་ཐབས།

དོན་ཚན་བཞི་པ།  རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར།

ཁྲིམས་མཐུན་གྱིས་གཏན་ལ་ཕབ་པའི་བོད་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་ཞུ་རྒྱུ།

དོན་ཚན་ལྔ་པ།  བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དར་ཆ།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དར་ཆ་ནི།  དབྱིབས་ཟུར་བཞི་ནར་མོའི་ངོས་སུ་གངས་རི་དཀའ་པོ་གཅིག་དང།  དེའི་སྟེང་དུ་གཡག་ནག་པོ་གཅིག་ཡོད་ཅིང།  གངས་དཀར་དེའི་དབུས་ཕྱོགས་ནས་འོད་ཟེར་ཁ་དོག་དམར་ནག་གཉིས་རྣམ་གྲངས་དྲུག་གིས་བརྒྱན་པ་ཞིག་ཡོད།  དཀྱིལ་དུ་གངས་དཀར་བརྗིད་ཅན་ཞིག་བཀོད་པ་ནི།  བོད་མི་ཡོངས་ཀྱི་རིང་ནས་སྙིང་དུ་བརྣགས་པའི་ཕ་ཡུལ། འཛམ་གླིང་གི་ཡང་ཐོག བསིལ་ལྡན་གངས་ལྗོངས།  བོད་རྒྱལ་ཁབ་ཆེན་པོ་མཚོན་ཞིང།  དེའི་སྟེང་གཡག་གཅིག་ཡོད་པ་ནི་སྲིད་དོན་ཚོགས་པ་འདིའི་མཚོན་རྟགས་དེ་ཡིན།  གངས་དཀར་དབུས་ནས་ཁ་དོག་དམར་ནག་གཉིས་ཀྱིས་བསྐོར་བ་ནི།  བོད་རྒྱལ་ཁབ་མི་རིགས་དང་བཅས་པ་ལྷ་སྲུང་དམར་ནག་གཉིས་ཀྱིས་གྲོགས་དང་འཕྲིན་ལས་ཀྱིས་རྟག་དུ་སྐྱོང་བ་མཚོན་པ་དང།  ཁ་དོག་རྣམ་གྲངས་དྲུག་གིས་དམིགས་སུ་བརྒྱན་པ་ནི།  བོད་མི་རིགས་འཕེལ་རིམ་གྱི་འབྱུང་ཁུངས་མིའུ་གདུང་དྲུག་མཚོན་པ་ཡིན། དར་ཆའི་ཚད་གཞི་ནི།  ཆེ་ཆུང་གང་ཡིན་ཡང་དཀྱུས་ལ་གསུམ་དང།  ཞེང་ལ་གཉིས་ཀྱི་ཁྱད་པར་དང་ལྡན་པ་ཞིག་དགོས་པ་བཅས།།

དོན་ཚན་དྲུག་པ།  སྒྲིག་འཛུགས།

) རྒྱལ་ཡོངས།

ཀ) རྒྱལ་ཡོངས་ཚོགས་ཆེན།

ཁ) དམིགས་བསལ་ཚོགས་ཆེན།

ག) རྒྱལ་ཡོངས་ལྷན་ཚོགས།

ང) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས།

) མངའ་སྡེ།

ཀ) མངའ་སྡེ་ལྷན་ཚོགས།

ཁ) མངའ་སྡེ་རྒྱུན་ལས།

) རྫོང།

ཀ) རྫོང་གི་ལྷན་ཚོགས།

ཁ) རྫོང་གི་རྒྱུན་ལས།

) ས་གནས།

ཀ) ས་གནས་རྒྱུན་ལས།

ཁ) རུ་ཁག

ག) རུ་ཆུང།

ཟུར་མཆན།

༡) རུ་ཁག་དང།  རུ་ཆུང་འཛུགས་འོས་མིན་རྫོང་གི་རྒྱུན་ལས་ནས་སྟངས་འཛིན་གྱིས་ཐག་གཅོད་བྱ་རྒྱུ།

༢) རྫོང་གི་ཁྱབ་ཚད་ནི་གཞུང་གིས་གཏན་འབེབས་བྱས་པའི་རྫོང་གི་ཁྱབ་ཚད་ལྟར་ཡིན་ཅིང།  དམིགས་བསལ་དགོས་གལ་ལ་གཞིགས་པའི་མངའ་སྡེ་རྒྱུན་ལས་ནས་བསྒྱུར་བཅོས་གཏོང་ཆོག་པ་ཡིན། ཡིན་ནའང་མི་འབོར་ཁྲི་གསུམ་ཡོད་པ་རྣམས་ལ་རྫོང་གཅིག་གི་ཐོབ་ཐང་ལྟར་འཛུགས་ཆོག་པ་ཡིན།

༣) མི་འབོར་ཁྲི་གསུམ་ལས་མང་བ་ཡོད་པའི་གྲོང་ཁྱེར་ཆེ་ཁག་ནང་མངའ་སྡེ་རྒྱུན་ལས་ཀྱི་ཐག་གཅོད་ལྟར་རྫོང་གཅིག་ལས་མང་བ་འཛུགས་ཆོག་པ་ཡིན།

དོན་ཚན་བདུན་པ།  ས་ཁུལ་ཆ་བགོས།

༡) སྤྱིར་བཏང་མངའ་སྡེ་ལྷན་ཚོགས་དང།  རྒྱུན་ལས་ཀྱི་ས་ཁུལ་རྣམས་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གཏན་འབེབས་ཡོད་པ་ལྟར་ཡིན། འོན་ཀྱང་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་བབ་གཟིགས་ཀྱིས་གྲོང་ཁྱེར་ཆེ་ཁག་ལ་མངའ་སྡེ་ལྷན་ཚོགས་ལྟ་བུ་འཛུགས་ཆོག་པ་ཡིན།

༢) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ཀྱིས་མངའ་སྡེ་དང། རྫོང། ས་གནས་རྣམས་གསར་འཛུགས་དང།  ད་ཡོད་ལྷན་ཚོགས་དང་རྒྱུན་ལས་གང་ཞིག་ཁུ་བསྡུ་དང།  ཟླ་སྒྲིལ་བྱ་འཐུས།

དོན་ཚན་བརྒྱད་པ། ཚོགས་ཞུགས།

༡)         ཀ) བོད་ཀྱི་ཆབ་འབངས་རང་ལོ་ ༡༨ ལོན་པ་གང་ཞིག་རྩ་ཁྲིམས་འདིའི་དོན་ཚན་གཉིས་པ་ཁས་ལེན་པ།  གཏན་འབེབས་ལྟར་གྱི་ཚོགས་དངུལ་འབུལ་ཐུབ་པ།  འགེངས་ཤོག་ ཀ) པ་ལུགས་མཐུན་གྱིས་འགེངས་འབུལ་བྱས་པ་བཅས་ཚོགས་ཞུགས་ཆོག་པ་ཡིན།  འོན་ཀྱང་རྒྱལ་ཁབ་ཀྱི་དབུས་འོས་བསྡུ་ལས་ཁང་གིས་ངོས་འཛིན་བྱས་པའི་སྲིད་དོན་ཚོགས་པ་གཞན་གྱི་ཚོགས་མི་མིན་པ་ཞིག་དགོས།

ཁ) ཚོགས་མིའི་དུས་ཡུན་ལོ་ ༥ ཡིན། དེ་རྗེས་འགེངས་ཤོག ཀ པ་བསྐྱར་དུ་འགེངས་འབུལ་བྱ་རྒྱུ།

ག) ཚོགས་མི་གང་ཞིག་དུས་ཡུན་ལོ་ལྔའི་ནང་ཚུད་དུ་འདས་གྲོངས་གྱུར་པ་དང།  དགོངས་ཞུ་བྱས་པ།  ཕྱིར་འབུད་བྱས་པ་བཅས་བྱུང་ཚེ་ཚོགས་མི་ནས་བུད་པ་ཡིན།

ང) སྤྱིར་བཏང་དུས་ཡུན་གཅིག་ནང་རང་ཉིད་གཏན་འཇགས་སྡོད་གནས་དེའམ། ཡང་ན་རང་ཉིད་ཚོང་དོན་སོགས་ལས་ཡུལ་གང་རུང་གཅིག་ཏུ་ཚོགས་མི་བྱེད་ཆོག་པ་ལས་དུས་གཅིག་ལ་ས་གནས་གཉིས་ཀྱི་ཚོགས་མི་བྱེད་མི་ཆོག

ཅ) ཚོགས་མི་གང་ཞིག་ས་གནས་གཅིག་ནས་གཞན་ཞིག་ལ་གནས་སྤོ་བྱ་དགོས་བྱུང་ཚེ་འབྲེལ་ཡོད་རྫོང་ངམ། མངའ་སྡེར་སྙན་ཞུ་འབུལ་དགོས་པ་ཡིན།

༢)         ཀ) ཁུར་ཁྱེར་ཚོགས་མི་ཆགས་པ་ལ་གཤམ་འཁོད་ཆ་རྐྱེན་གང་རུང་འཛོམས་དགོས་པའི་ཐོག་ཁུར་ཁྱེར་ཚོགས་མིར་བཀའ་འཁྲོལ་མ་ཐོབ་ཀྱང་ཕུལ་དངུལ་དེ་ཕྱིར་སློག་མི་བྱེད།

༡) ཚོགས་པར་འཛུལ་ཞུགས་བྱས་ཏེ་ལོ་གཉིས་ལས་མི་ཉུང་བ།

༢) རང་བཙན་ལས་འགུལ་དང་སྤྱི་ཚོགས་ཞབས་ཞུར་བདེན་རྟགས་འཕེལ་བའི་བྱས་རྗེས་ཅན།

༣) རང་དང་མཉམ་དུ་ཚོགས་མི་ཉེར་ལྔ་ཚོགས་པར་ཁྲིད་ཡོང་ཐུབ་མཁན།

ཁ) ཁུར་ཁྱེར་ཚོགས་མིའི་དུས་ཡུན་ལོ་གཉིས་ཡིན་ཅིང།  དུས་ཡུན་དེ་རྫོགས་མཚམས་རྫོང་གི་རྒྱུན་ལས་ལ་འགེངས་ཤོག་ ག) པའི་མཉམ་དུ་སྒོར་བརྒྱ་ཐམ་པ་འབུལ་དགོས་པ་ཡིན།

ག) གོང་རིམ་རྒྱུན་ལས་ཁག་ནས་བཀོད་ཁྱབ་གནང་ཚེ།  ཁུར་ཁྱེར་ཚོགས་མིས་ལོ་གཉིས་ནང་ཞག་ལྔ་བཅུ་ཐམ་པ་ཚོགས་པའི་ལས་དོན་ལ་གཏོང་དགོས།

ང) ཁུར་ཁྱེར་ཚོགས་མི་ཚོགས་པའི་འོས་བསྡུར་ཞུགས་ཆོག་པ་ཡིན།  འོན་ཀྱང་སོ་སོའི་ས་གནས་དང།  རྫོང། མངའ་སྡེའི་ཁྱབ་ཁོངས་ལས་བརྒལ་ཏེ་ཞུགས་མི་ཆོག

༣) ཚོགས་མི་ནས་ཚོགས་དངུལ་བྱུང་བ་རྣམས་གཤམ་གསལ་ཆ་ཚད་ལྟར་སྡེ་ཚན་ཁག་ལ་ལོ་གཉིས་རེའི་ནང་ཆ་བགོས་བྱ་རྒྱུ།

རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་བརྒྱ་ཆ་་་་་་་་་་་་་་་་་་་་་་༡༥

མངའ་སྡེ་རྒྱུན་ལས་བརྒྱ་ཆ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༥

རྫོང་གི་རྒྱུན་ལས་བརྒྱ་ཆ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༥

ས་གནས་རྒྱུན་ལས་བརྒྱ་ཆ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣༥

ཚོགས་མི་འཛུལ་ཞུགས་ཀྱི་ཐག་གཅོད་དང། འགེངས་ཤོག་གི་བསྐང་བྱ།  ཚོགས་མིའི་ཐོ་གཞུང་བདག་ཉར།  དེ་བཞིན་ཚོགས་མི་འཛུལ་ཞུགས་ཐད་ཀྱི་རྩོད་རྙོག་ཁག་ཐག་གཅོད་གནང་ཕྱོགས་བཅས་སྒྲིག་སྲོལ་གྱི་ནང་གསེས་དང་པོ་ལྟར་ཡིན།

དོན་ཚན་དགུ་པ། ལས་ཡུན།

ཚོགས་པའི་ལྷན་ཚོགས་ཁག་དང་དེའི་ཚོགས་མི་རྣམས། དེ་བཞིན་རྒྱུན་ལས་པ་རྣམས་ཀྱི་ལས་ཡུན་ལོ་གསུམ་ཡིན།།

དོན་ཚན་བཅུ་པ། ཚོགས་མི་དེབ་སྐྱེལ།

༡) ས་གནས་ཚོགས་མིའི་ཐོ་དེབ་དེ་རྫོང་གི་རྒྱུན་ལས་ནས་ས་གནས་དབྱེ་འབྱེད་ཀྱིས་བཟོ་ཉར་བྱེད་རྒྱུ་དང།  དེ་ཡང་རྒྱལ་ཡོངས་སྤྱི་ཁྱབ་ནས་གཏན་འབེེབས་སྒྲིག་སྲོལ་གཞིར་བཟུང། མངའ་སྡེ་རྒྱུན་ལས་ནས་ཐོ་དེབ་དེ་ཁུངས་བཙན་དང།  ར་འཕྲོད་ཀྱི་ངོས་སྦྱོར་ཡི་གེ་དགོས།

༢) དེ་ལྟ་བུའི་ཚོགས་མིའི་ཐོ་དེབ་ལ་ཚོགས་མི་སོ་སོའི་མིང་ཆ་ཚང་དང།  ཕའམ་ཁྱོ་གའི་མིང། ལོ་ན། འཚོ་ཐབས། ཁ་བྱང། ཚོགས་མིའི་འགེངས་ཤོག་གི་ཨང་གྲངས། ཚོགས་པར་འཛུལ་ཞུགས་ཀྱི་ལོ་དུས་བཅས་ཆ་ཚང་དགོས་པ་ཡིན།

༣) མངའ་སྡེ་རྒྱུན་ལས་དང། རྫོང་གི་རྒྱུན་ལས་ནས་ལོ་ལྔ་རེའི་མཚམས་ཀྱི་ཚོགས་མིའི་ཐོ་དེབ་ལ་སྐབས་བསྟུན་གྱིས་ཞིབ་བཤེར་བྱ་རྒྱུ་དང། གྱོད་རྙོག་ཚབས་ཆེན་གྱིས་རིགས་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་ཐག་གཅོད་བྱ་རྒྱུ།

དོན་ཚན་བཅུ་གཅིག་པ། ས་གནས།

༡) རུ་ཆུང།

ཀ) རུ་ཆུང་ཞིག་ལ་ཚོགས་མི་ཉི་ཤུ་རྩ་ལྔ་ལས་མི་ཉུང་བ་དགོས།

ཁ) རུ་ཆུང་རྒྱུན་ལས་ཀྱི་ཚོགས་མི་མང་མཐའ་ལྔ་དང་ཉུང་མཐའ་གསུམ་ཡིན་ཅིང།  ཚོགས་གཙོ་དང་རྒྱུན་ལས་རྣམས་རུ་ཆུང་ཚོགས་མི་ནས་འོས་འདེམས་བསྐོ་བཞག་བྱ་དགོས་པ་དེའི་ནང་བུད་མེད་གཅིག་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ།

ག) རྒྱུན་ལས་ཁོངས་ནས་དྲུང་ཆེ་གཅིག་ཚོགས་གཙོས་བསྐོ་བཞག་བྱ་རྒྱུ།

༢) རུ་ཁག

ཀ) རུ་ཁག་གཅིག་ལ་ཚོགས་མི་བརྒྱ་ལས་མི་ཉུང་བ་དགོས།

ཁ) རུ་ཁག་རྒྱུན་ལས་ཀྱི་ཚོགས་མི་མང་མཐའ་བདུན་དང་ཉུང་མཐའ་ལྔ་ཡིན་ཅིང། ཚོགས་གཙོ་དང་རྒྱུན་ལས་རྣམས་རུ་ཁག་ཚོགས་མི་ནས་འོས་འདེམས་བསྐོ་བཞག་བྱ་དགོས་པ་དེའི་ནང་བུད་མེད་གཅིག་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ་།

དོན་ཚན་བཅུ་གཉིས་པ། ས་གནས་རྒྱུན་ལས།

༡) ས་གནས་རྒྱུན་ལས་པ་མང་མཐའ་བཅུ་དང་ཉུང་མཐའ་བདུན་ཡིན།

༢) རུ་ཁག་སོ་སོའི་ཚོགས་མི་ཡོངས་ནས་ས་གནས་ཚོགས་ཆུང་གི་རྒྱུན་ལས་ཀྱི་འོས་གཞི་བདུན་ནམ་བཅུ་འདོན་རྒྱུ་དང།  རུ་ཁག་ཡོངས་ཀྱི་འོས་གཞི་བསྡུ་རུབ་བྱས་པའི་ཁོངས་ནས་རུ་ཁག་གི་རྒྱུན་ལས་རྣམས་མཉམ་འཛོམས་ཀྱིས་ཚོགས་གཙོ་དང་རྒྱུན་ལས་འོས་འདེམས་བསྐོ་བཞག་བྱ་དགོས་པ་དེའི་ནང་བུད་མེད་གཅིག་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ།

༣) རྒྱུན་ལས་ཁོངས་ནས་ཚོགས་གཞོན་གཅིག་དང། དྲུང་ཆེ་གཅིག དཔལ་འབྱོར་དོ་དམ་པ་གཅིག་གཅས་ཚོགས་གཙོས་བསྐོ་བཞག་བྱ་རྒྱུ་དང། དེ་བྱིངས་རྒྱུན་ལས་ནང་ཁུལ་གོ་བསྡུར་གྱིས་ལས་བགོས་བྱ་རྒྱུ།

དོན་ཚན་བཅུ་གསུམ་པ། རྫོང་གི་ལྷན་ཚོགས།

གཤམ་གསལ་རྣམས་རྫོང་གི་ལྷན་ཚོགས་ཀྱི་ཚོགས་མི་ཡིན།

༡) ས་གནས་ཚོགས་ཆུང་གི་རྒྱུན་ལས་སོ་སོས་གསང་བའི་འོས་ཤོག་འཕངས་ཏེ་ཚོགས་མི་གཉིས་རེ་བསྐོ་བཞག་བྱ་རྒྱུ།

༢) རྫོང་གི་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པའི་ཁོངས་ནས་ཚོགས་གཙོའི་ལས་ཡུན་གྱི་ཕྱེད་ཀ་ཆ་ཚང་སྒྲུབ་མཁན་རྣམས།

༣) རྫོང་དེ་ནས་མངའ་སྡེ་ལྷན་ཚོགས་ཀྱི་ཚོགས་མིར་འོས་འདེམས་བྱུང་བ།

༤) ས་གནས་རུ་ཁག་གི་ཚོགས་གཙོ་རྣམས་ཚོགས་མི་ཡིན་ཡང།  རྫོང་གི་རྒྱུན་ལས་ཀྱིས་ཚོགས་གཙོ་དང་དྲུང་ཆེ་བྱེད་མི་ཆོག

༥) རྫོང་དེ་ནས་རྒྱལ་ཡོངས་དང་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་བ།

༦) རྫོང་དེའི་གྲོང་སྡེ་ལྷན་ཚོགས་དང། རྫོང་ཁོངས་ཚོགས་ཆུང། དེ་བཞིན་འཛིན་སྐྱོང་ཚོགས་ཆུང་གཞན་ཁག་གི་ཚོགས་པའི་འགོ་ཁྲིད་རྣམས།

༧) གདན་ཞུའི་ཚོགས་མི།

དོན་ཚན་བཅུ་བཞི་པ། རྫོང་གི་རྒྱུན་ལས།

༡) རྫོང་གི་རྒྱུན་ལས་མང་མཐའ་ཉི་ཤུ་དང་ཉུར་མཐའ་བཅོ་ལྔ་ཡིན།

༢) རྫོང་གི་རྒྱུན་ལས་ཚོགས་གཙོ་དང་ཚོགས་མི་ནི་རྫོང་གི་ལྷན་ཚོགས་ཀྱི་ཚོགས་མིས་འོས་འདེམས་བསྐོ་བཞག་བྱ་དགོས་པའི་ནང་དུ་ཉུང་མཐའ་བུད་མེད་གཉིས་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ།

༣) རྒྱུན་ལས་ཁོངས་ནས་ཚོགས་གཞོན་གཉིས་དང། དྲུང་ཆེ་གཉིས། དཔལ་འབྱོར་དོ་དམ་པ་གཅིག་བཅས་ཚོགས་གཙོས་བསྐོ་བཞག་བྱ་རྒྱུ་དང། དེ་བྱིངས་རྒྱུན་ལས་ནང་ཁུལ་གོ་བསྡུར་གྱིས་ལས་བགོས་བྱ་རྒྱུ།

དོན་ཚན་བཅོ་ལྔ་པ།  མངའ་སྡེ་ལྷན་ཚོགས།

༡) གཤམ་གསལ་རྣམས་མངའ་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ཡིན།

ཀ) རྫོང་གི་རྒྱུན་ལས་སོ་སོས་གསང་བའི་འོས་ཤོག་འཕངས་ཏེ་མངའ་སྡེ་ལྷན་ཚོགས་མི་ལྔ་རེ་བསྐོ་བཞག་བྱ་རྒྱུའི་ཁོངས་སུ་བུད་མེད་གཅིག་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ།

ཁ) ཚོགས་པའི་མངའ་སྡེ་གྲོས་ཚོགས་འཐུས་མིས་ནང་ཁུལ་གྲངས་འབོར་བརྒྱ་ཆ་བཅུ་ལས་མི་ཉུང་བ་འོས་འདེམས་བསྐོ་བཞག་བྱ་རྒྱུ་དང།  གལ་ཏེ་འཐུས་མིའི་གྲངས་འབོར་བཅུ་ལས་ཉུང་བ་ཡོད་ན་ཇི་ཡོད་རྣམས་མངའ་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ཡིན།

ག) མངའ་སྡེ་ཚོགས་པའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་གྲངས་འབོར་གྱི་བརྒྱ་ཆ་བཅུ་དགོས་ཀྱང།  གྲངས་ཚད་དེ་མི་ལོངས་ན་འཐུས་མི་གསུམ་ལས་མི་ཉུང་བ་དགོས།  གལ་ཏེ་འཐུས་མི་གསུམ་ལས་མེད་ཚེ་ཇི་ཡོད་རྣམས་ཚོགས་མི་ཡིན།

ང) མངའ་སྡེ་ཁོངས་ནས་རྒྱལ་ཡོངས་ལྷན་ཚོགས་ཀྱི་འཐུས་མི།

ཅ) མངའ་སྡེ་རྒྱུན་ལས་ཚོགས་གཙོ་ཟུར་པའི་ཁོངས་ནས་ཚོགས་གཙོའི་ལས་ཡུན་གྱི་ཕྱེད་ཀ་ཆ་ཚང་སྒྲུབ་ཐུབ་མཁན་རྣམས།

ཆ) མངའ་སྡེའི་རྒྱུན་ལས་རྣམས།

ཇ) ཚོགས་པའི་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མིའི་འགོ་ཁྲིད།

ཉ) རྫོང་གི་རྒྱུན་ལས་ཀྱི་ཚོགས་གཙོ་དང་དྲུང་ཆེ་རྣམས།

ཏ) གྲོང་སྡེ་ལྷན་ཚོགས་དང་རྫོང་ཁོངས་ཚོགས་ཆུང། དེ་བཞིན་འཛིན་སྐྱོང་ཚོགས་ཆུང་གཞན་ཁག་གི་ཚོགས་པའི་འགོ་ཁྲིད་རྣམས།

ཐ) གདན་ཞུའི་ཚོགས་མི།

༢) མངའ་སྡེ་ལྷན་ཚོགས་ཀྱི་ཚོགས་མིས་ལོ་རེར་སྒོར་ལྔ་བཅུ་རེ་མངའ་སྡེ་རྒྱུན་ལས་སུ་འབུལ་རྒྱུ་དང། དེའི་ཁོངས་ནས་སྒོར་ཉི་ཤུ་རྩ་ལྔ་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་སུ་འབུལ་དགོས་ཤིང།  ལས་ཡུན་རིང་ཚོགས་པའི་མ་དངུལ་ལ་སྒོར་བརྒྱ་ཐམ་པ་རེ་མངའ་སྡེ་ལྷན་ཚོགས་ཀྱི་འཐུས་མིར་འདེམས་ཐོན་བྱུང་བ་ནས་ཟླ་བ་གསུམ་ནང་ཚུད་དུ་འབུལ་ཐུབ་དགོས། གལ་ཏེ་དུས་ཐོག་འབུལ་མ་ཐུབ་ན་དེའི་རིང་མངའ་སྡེ་ལྷན་ཚོགས་ཀྱི་ཚོགས་མིའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་མེད།།

དོན་ཚན་བཅུ་དྲུག་པ། མངའ་སྡེའི་རྒྱུན་ལས།

༡) མངའ་སྡེའི་རྒྱུན་ལས་མང་མཐའ་སུམ་ཅུ་དང་ཉུང་མཐའ་ཉི་ཤུ་རྩ་ལྔ་ཡིན།

༢) མངའ་སྡེའི་རྒྱུན་ལས་ཚོགས་གཙོ་དང་ཚོགས་མི་མངའ་སྡེ་ལྷན་ཚོགས་ཀྱི་ཚོགས་མིས་འོས་འདེམས་བསྐོ་བཞག་བྱ་དགོས་པའི་ནང་དུ་ཉུང་མཐའ་བུད་མེད་ལྔ་ངེས་པར་དགོས་པ་ཡིན།

༣) རྒྱུན་ལས་ཁོངས་ནས་ཚོགས་གཙོ་གཞོན་པ་གསུམ་དང། དྲུང་ཆེ་གཉིས། དཔལ་འབྱོར་དོ་དམ་པ་གཅིག་བཅས་ཚོགས་གཙོས་བསྐོ་བཞག་བྱ་རྒྱུ་དང། དེ་བྱིངས་རྒྱུན་ལས་ནང་ཁུལ་གོ་བསྡུར་གྱིས་ལས་བགོས་བྱ་རྒྱུ།

དོན་ཚན་བཅུ་བདུན་པ། རྒྱལ་ཡོངས་ལྷན་ཚོགས།

༡) གཤམ་གསལ་རྣམས་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་མི་ཡིན།

ཀ) མངའ་སྡེའི་རྒྱུན་ལས་སོ་སོས་གསང་བའི་འོས་ཤོག་འཕངས་ཏེ་ཚོགས་མི་བཅུ་རེ་འོས་འདེམས་བྱ་རྒྱུའི་ཁོངས་སུ་ཉུང་མཐའ་བུད་མེད་གཉིས་ངེས་པར་དགོས་པ་ཡིན།

ཁ) ཚོགས་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མིའི་ཁོངས་ནས་བརྒྱ་ཆ་བཅུ་དགོས་རྒྱུ་དང།  ཡིན་ནའང་འཐུས་མི་བཅུ་ལས་བརྒལ་མི་ཆོག།།

ག) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོ་ཟུར་པའི་ཁོངས་ནས་ཚོགས་གཙོའི་ལས་ཡུན་གྱི་ཕྱེད་ཀ་ཆ་ཚང་སྒྲུབ་མཁན་རྣམས།

ང) མངའ་སྡེ་རྒྱུན་ལས་ཚོགས་གཙོ་རྣམས།

ཅ) རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་པའི་འགོ་ཁྲིད།

ཆ) མངའ་སྡེའི་གྲོས་ཚོགས་དང། ལྷན་ཚོགས་ཁག དེ་བཞིན་འཛིན་སྐྱོང་ཚོགས་ཆུང་གཞན་ཁག་གི་ཚོགས་པའི་འགོ་ཁྲིད་རྣམས།

ཇ) གདན་ཞུའི་ཚོགས་མི།

ཉ) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་རྣམས།

༢) རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་མིས་ལོ་རེར་སྒོར་བརྒྱ་ཐམ་པ་རེ་རྒྱལ་ཡོངས་རྒྱུན་ལས་ལ་འབུལ་དགོས་ཤིང།  ལས་ཡུན་རིང་ཚོགས་པའི་མ་དངུལ་ལ་སྒོར་ཉིས་བརྒྱ་ཐམ་པ་རྒྱལ་ཡོངས་ལྷན་ཚོགས་ཀྱི་འཐུས་མིར་འདེམས་ཐོན་བྱུང་བ་ནས་ཟླ་བ་གསུམ་ནང་ཚུད་དུ་འབུལ་ཐུབ་དགོས། གལ་ཏེ་དུས་ལྟར་འབུལ་མ་ཐུབ་ན་དེའི་རིང་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་མིའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་མེད།  ཡང་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་མི་ཞིག་མངའ་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་ཚེ་མངའ་སྡེ་ལྷན་ཚོགས་ཀྱི་བསྡུ་བྱ་མ་ཕུལ་ན་འཐུས།

དོན་ཚན་བཅོ་བརྒྱད་པ། རྒྱལ་ཡོངས་ཚོགས་གཙོའི་འོས་བསྡུ།

༡) གཤམ་གསལ་འདེམས་བྱེད་ཚོགས་ཆུང་ནས་རྒྱལ་ཡོངས་ཚོགས་གཙོ་འོས་འདེམས་བསྐོ་བཞག་བྱ་རྒྱུ།

ཀ) དོན་ཚན་བཅུ་བདུན་པའི་ནང་གསེས་ ༡ པའི་ ཀ) དང་ ཁ) པའི་ཁོངས་ཀྱི་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་མི།

ཁ) དོན་ཚན་བཅོ་ལྔ་པའི་ནང་གསེས་ ༡ པོའི་ ཀ) ཁ) ག) པའི་ཁོངས་ཀྱི་མངའ་སྡེ་ལྷན་ཚོགས་ཀྱི་ཚོགས་མི།

༢) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་གཏན་འབེབས་སྒྲིག་སྲོལ་ལྟར་རྒྱལ་ཡོངས་ཚོགས་གཙོ་འོས་འདེམས་བྱ་རྒྱུ།

དོན་ཚན་བཅུ་དགུ་པ། རྒྱལ་ཡོངས་ཚོགས་གཙོའི་ལས་ཡུན།

རྒྱལ་ཡོངས་ཚོགས་གཙོའི་ལས་ཡུན་ལོ་གསུམ་ཡིན་ཅིང་ལོ་གསུམ་མཚམས་བསྐྱར་དུ་འོས་བསྡུ་བྱ་རྒྱུ།

དོན་ཚན་ཉི་ཤུ་པ།  རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས།

༡) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ལ་རྒྱལ་ཡོངས་ཚོགས་གཙོ་དང་ཚོགས་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འགོ་ཁྲིད་ཀྱིས་གཙོས་མི་གྲངས་སུམ་ཅུ་ཐམ་པ་དགོས།

༢) རྒྱལ་ཡོངས་ཚོགས་གཙོ་དང་ཚོགས་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འགོ་ཁྲིད་ཕུད། དེ་བྱིངས་རྒྱལ་ཡོངས་ལྷན་ཚོགས་ནས་འོས་འདེམས་བསྐོ་བཞག་བྱ་དགོས་པའི་ཁོངས་སུ་ཉུང་མཐའ་བུད་མེད་ལྔ་ངེས་པར་དགོས་པ་ཡིན།

༣) རྒྱུན་ལས་ཁོངས་ནས་ཚོགས་གཞོན་གཉིས་དང།  དྲུང་ཆེ་གསུམ། དཔལ་འབྱོར་དོ་དམ་པ་གཅིག་བཅས་ཚོགས་གཙོས་བསྐོ་བཞག་བྱ་རྒྱུ་དང།  དེ་བྱིངས་རྒྱུན་ལས་ནང་ཁུལ་གོ་བསྡུར་གྱིས་ལས་བགོས་བྱ་རྒྱུ།  དྲུང་ཆེ་གསུམ་ལས་གཅིག་སྒྲིག་འཛུགས་དོ་དམ་པའི་དྲུང་ཆེར་བསྐོ་བཞག་བྱ་དགོས་པ་ཡིན།

དོན་ཚན་ཉེར་གཅིག་པ།  རྒྱལ་ཡོངས་ཚོགས་ཆེན།

༡) གཤམ་གསལ་རྣམས་ལ་རྒྱལ་ཡོངས་ཚོགས་ཆེན་དུ་ཞུགས་པའི་ཐོབ་ཐང་ཡོད།

ཀ) རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་མི་ཚང་མ།

ཁ) མངའ་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ཚང་མ།

ག) ཚོགས་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཚང་མ།

ང) ཚོགས་པའི་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ཚང་མ།

ཅ) ཚོགས་ཐེངས་དེར་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་མོས་མཐུན་བྱུང་བའི་ཚོགས་འཐུས་བཅས།

༢) སྤྱིར་བཏང་རྒྱལ་ཡོངས་ཚོགས་ཆེན་ཞིག་ལོ་གསུམ་རེའི་ནང་དུ་ཚོགས་དགོས་པ་དང། ཚོགས་དུས་དང་ཚོགས་ཡུལ་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་གཏན་འབེབས་བྱ་རྒྱུ།

༣) རྒྱལ་ཡོངས་ཚོགས་ཆེན་གྱི་གཙོ་སྐྱོང་རྒྱལ་ཡོངས་ཚོགས་གཙོས་གནང་དགོས།

༤) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ཀྱི་སྟངས་འཛིན་འོག་ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་ཡུལ་མངའ་སྡེ་དེའི་རྒྱུན་ལས་ནས་བྱ་རྒྱུ།

དོན་ཚན་ཉེར་གཉིས་པ། དམིགས་བསལ་ཚོགས་ཆེན།

༡) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་དམིགས་བསལ་ཚོགས་འདུ་ཚོགས་དགོས་པའི་ཁ་གསལ་གྲོས་གཞི་དང་སྦྲགས་སྙན་ཞུ་ཕུལ་བ་ཡིན་ན།  དམིགས་བསལ་ཚོགས་ཆེན་སྐོང་འཐུས།

༢) རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་འཐུས་རྣམས་དམིགས་བསལ་ཚོགས་ཆེན་གྱི་འཐུས་མི་ཡིན།

༣) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ཀྱི་སྟངས་འཛིན་འོག་དམིགས་བསལ་ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་ཡུལ་མངའ་སྡེ་དེའི་རྒྱུན་ལས་ནས་བྱ་རྒྱུ།

དོན་ཚན་ཉེར་གསུམ་པ། གདན་ཞུ་ཚོགས་མི།

༡) རྒྱལ་ཡོངས་སྤྱི་ཁྱབ་དང།  མངའ་སྡེ། རྫོང། ས་གནས་བཅས་ཀྱི་རྒྱུན་ལས་ནས་སོ་སོའི་རྩ་འབོར་གྱི་བརྒྱ་ཆ་བཅོ་ལྔའི་བར་མི་གཞན་ཚོགས་འདུར་གདན་འདྲེན་ཞུ་ཆོག་པ་ཡིན།  དེ་ལྟའི་གདན་ཞུའི་ཚོགས་མི་རྣམས་ཚོགས་པའི་འོས་བསྡུའི་ནང་འཛུལ་ཞུགས་དང། འོས་འཕེན་མི་ཆོག་ཀྱང། རྒྱུ་མཚན་འདིས་སྒྲིག་སྲོལ་གཏན་འབེབས་ལྟར་གྱི་སྤྱིར་བཏང་ལམ་ལུགས་ཐོག་ནས་ལྷན་ཚོགས་དང་རྒྱུན་ལས་ཁག་གི་འོས་འདེམས་སུ་འོས་ཞུགས་ཀྱི་ཐོབ་ཐང་བཀག་མེད།

དོན་ཚན་ཉེར་བཞི་པ། དབང་ཆ་དང་ཁྱབ་ཚད།

༡) རྒྱལ་ཡོངས་ཚོགས་ཆེན་དང།  དམིགས་བསལ་ཚོགས་ཆེན་གྱི་གྲོས་ཆོད་ཚང་མ་ཚོགས་པའི་ཚོགས་མི་དང།  ཡན་ལག སྡེ་ཚན་ཡོངས་ལ་ཁྱབ་པ་ཡིན།

༢) དོན་ཚན་འདིའི་ནང་གསེས་ ༡) པོའི་གྲོས་ཆོད་རྣམས་ཕུད། དེ་མིན་པའི་སྲིད་བྱུས་གཏན་འབེབས་བྱེད་པའི་དབང་ཚད་མཐོ་ཤོས་དེ་རྒྱལ་ཡོངས་ལྷན་ཚོགས་ལ་ཡོད།

༣) དོན་ཚན་འདིའི་ནང་གསེས་ ༡) དང་ ༢) པ་ཕུད། རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནི་ཚོགས་པའི་དབང་འཛིན་པ་མཐོ་ཤོས་དེ་ཡིན།  ཡན་ལག་དང་སྡེ་ཚན་ཁག་ལ་དབང་ཆ་ཁ་གསལ་མ་གནང་བའི་རིགས་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ཀྱི་དབང་ཚད་ཡིན།

༤) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་སྒྲིག་སྡོམ་ཆེད།  རིམ་པ་ཚང་མར་སྒྲིག་སྡོམ་ཚོགས་ཆུང་འཛུགས་རྒྱུ།

དོན་ཚན་ཉེར་ལྔ་པ།  འོས་བསྡུའི་ལམ་སྲོལ།

༡) མངའ་སྡེའམ།  རྫོང། ས་གནས་རྒྱུན་ལས་རྣམས་ཀྱི་ལས་ཡུན་འགོ་འཛུགས་བྱས་ཏེ་ཟླ་བ་གཉིས་ཀྱི་ནང་ཚུད།  ངོ་ཡོད་ཚོགས་མིའི་སུམ་ཆ་གཉིས་ཀྱི་མང་མོས་འོས་འདེམས་ཀྱིས།  མངའ་སྡེའམ་རྫོང།  ས་གནས་སོ་སོའི་འོས་བསྡུའི་ཞིབ་བཤེར་འགན་འཛིན་རེ་བསྐོ་བཞག་བྱ་རྒྱུ།

༢) གལ་སྲིད་མངའ་སྡེའམ། རྫོང།  ས་གནས་སོ་སོའི་འོས་བསྡུའི་ཞིབ་བཤེར་འགན་འཛིན་བསྐོ་བཞག་བྱེད་མ་ཐུབ་ཚེ། རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་བསྐོ་བཞག་བྱ་རྒྱུ།

༣) དེ་ལྟའི་འོས་བསྡུའི་ཞིབ་བཤེར་འགན་འཛིན་གྱིས་རང་ཁོངས་ཀྱི་འོས་བསྡུའི་ལས་རིམ་དང། རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་སྐབས་བསྟུན་གྱིས་གནང་བའི་ལས་འགན་རྣམས་འཐུས་ཚང་བསྒྲུབ་དགོས་པ་ཡིན།

༤) སྤྱིར་འོས་བསྡུའི་ཞིབ་བཤེར་འགན་འཛིན་གྱི་ལས་ཡུན་ཐེངས་གཅིག་ཡིན་ཀྱང། ཚབ་གསར་བསྐོ་བཞག་མ་བྱུང་བའམ་ཡང་ན། རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་གནས་དབྱུང་མ་བཏང་ཚེ། ལས་འགན་མུ་མཐུད་བསྒྲུབ་རྒྱུ།

དོན་ཚན་ཉེར་དྲུག་པ།  འོས་བསྡུ་ལས་ཁང།

༡)         ཀ) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་དབུས་འོས་བསྡུ་ལས་ཁང་ཞིག་བསྐོ་བཞག་བྱ་རྒྱུའི་ནང་དུ།  གྲོས་ཚོགས་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱི་ཁར། གཞན་མི་བདུན་སྒྲིག་སྲོལ་ལྟར་འོས་འདེམས་བྱ་རྒྱུ། དབུས་འོས་བསྡུ་ལས་ཁང་གི་ཁྲི་པ་ནི་རྒྱལ་ཡོངས་ཚོགས་གཙོ་ཡིན།

ཁ) དབུས་འོས་བསྡུ་ལས་ཁང་གི་ལས་དོན། མངའ་སྡེ་དང། རྒྱལ་ཡོངས་གྲོས་ཚོགས་ཀྱི་མཐའ་མའི་འོས་དམིགས་འདེམས་སྒྲུག་བྱེད་རྒྱུ་དང།

༢) འོས་ཐོབ་ཁྱབ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ།

ཀ) མངའ་སྡེ་རྒྱུན་ལས་ནས་མངའ་སྡེ་འོས་བསྡུ་ལས་ཁང་ཞིག་བསྐོ་བཞག་བྱ་རྒྱུའི་ནང་དུ་མངའ་སྡེ་གྲོས་ཚོགས་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱི་ཁར།  གཞན་ལྔ་སྒྲིག་སྲོལ་གཏན་འབེབས་ལྟར་འོས་འདེམས་བྱ་རྒྱུ། མངའ་སྡེ་འོས་བསྡུ་ལས་ཁང་གི་ཁྲི་པ་ནི་མངའ་སྡེ་རྒྱུན་ལས་ཚོགས་གཙོ་ཡིན།

ཁ) མངའ་སྡེ་འོས་བསྡུ་ལས་ཁང་གི་ལས་དོན་ནི།

མངའ་སྡེ་ནས་མངའ་སྡེ་གྲོས་ཚོགས་དང། རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་དམིགས་མིང་འདོན་གྱིས་དབུས་འོས་བསྡུ་ལས་ཁང་ལ་འབུལ་རྒྱུ། ས་གནས་ཀྱི་སྒྲིག་འཛུགས་འདྲ་མིན་དང། མཉམ་འབྲེལ་ལ་སོགས་པའི་འོས་འདེམས་ལ་མཐའ་མའི་འོས་དམིགས་འདེམས་སྒྲུག་བྱ་རྒྱུ།

༣) མངའ་སྡེའི་ནང་དུ་འོས་ཐོབ་ཁྱབ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ།

དོན་ཚན་ཉེར་བདུན་པ། འོས་བསྡུ་དང་འབྲེལ་བའི་རྩོད་རྙོག

མངའ་སྡེ་དང།  རྫོང་སོ་སོས་རང་ཁོངས་སུ་གཏོགས་པའི་ཡན་ལག་ཁག་གི་འོས་བསྡུའི་རྩོད་རྙོག་རྣམས་ཐག་གཅོད་དགོས། ཡང་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ལ་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་ཚབས་ཆེའི་རིགས་སྙན་སེང་བྱུང་ཚེ། སྐབས་འཚམས་དགོས་གལ་གྱི་ཐག་གཅོད་བྱ་རྒྱུ།

དོན་ཚན་ཉེར་བརྒྱད་པ། གྲོས་ཚོགས་ལས་དོན་ཚོགས་ཆུང།

༡) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་གྲོས་ཚོགས་ལས་དོན་ཚོགས་ཆུང་འཛུགས་རྒྱུའི་ཁོངས་སུ་ཚོགས་པའི་ཚོགས་གཙོ་དང་བཅས་པའི་ཚོགས་མི་བརྒྱད་དགོས་པ་ལས། གཅིག་ནི་ཚོགས་པའི་གྲོས་ཚོགས་ཀྱི་དབུ་ཁྲིད་ཡིན་དགོས། ཚོགས་པའི་ཚོགས་གཙོས་ཚོགས་ཆུང་གི་ཁྲི་པ་བྱ་རྒྱུ།

༢) མངའ་སྡེ་རྒྱུན་ལས་ནས་མངའ་སྡེ་གྲོས་ཚོགས་ཀྱི་ལས་དོན་ཚོགས་ཆུང་འཛུགས་རྒྱུའི་ཁོངས་སུ་མངའ་སྡེའི་རྒྱུན་ལས་ཚོགས་གཙོ་དང་བཅས་པའི་ཚོགས་མི་ལྔ་དགོས་པ་ལས། གཅིག་ནི་ཚོགས་པའི་མངའ་སྡེ་གྲོས་ཚོགས་ཀྱི་དབུ་ཁྲིད་ཡིན་དགོས། མངའ་སྡེའི་རྒྱུན་ལས་ཚོགས་གཙོས་ཚོགས་ཆུང་གི་ཁྲི་པ་བྱ་རྒྱུ།

དོན་ཚན་ཉེར་དགུ་པ། ས་མིག་སྟོང་པ་ཁག

༡) རྩ་ཁྲིམས་འདིའི་འོག་ཏུ་བཙུགས་པའི་ལྷན་ཚོགས་སམ། རྒྱུན་ལས་ཀྱི་ཚོགས་མི་སུ་ཞིག་དགོངས་འཁྲོལ་ལམ། གནས་དབྱུང། འདས་གྲོངས་སོང་ཚེ་དེའི་ས་དམིགས་སྟོང་པ་ཆགས་པ་ཡིན།

༢) ཟུར་དུ་གཏན་འབེབས་ཀྱི་སྒྲིག་སྲོལ་ཡོད་ན་ལས། དེ་མིན་ས་སྟོང་རྣམས་འགེངས་སྟངས་ནི་ཚོགས་མི་སྔོན་མ་དེ་ཇི་ལྟར་བདམས་པ་བཞིན་ཡིན་དགོས་རྒྱུ་དང། ལས་ཡུན་ཡང་ཚོགས་མི་སྔོན་མའི་ལྷག་འཕྲོ་དེ་ཡིན།

༣) རྒྱབ་འགལ་གྱི་སྒྲིག་སྲོལ་ཡོད་ན་ལས། ལུགས་མཐུན་གྱིས་བཙུགས་ཟིན་པའི་ལྷན་ཚོགས་སམ་རྒྱུན་ལས་དེ་རྣམས་སུ་ས་སྟོང་བྱུང་བའི་རྒྱུ་མཚན་གྱིས་ལྷན་ཚོགས་སམ་རྒྱུན་ལས་དེ་དག་ནུས་མེད་དུ་འགྲོ་རྒྱུ་མིན།

དོན་ཚན་སུམ་ཅུ་པ། རྩ་ཁྲིམས་བསྐྱར་བཅོས།

རྩ་ཁྲིམས་འདིའི་དོན་ཚན་གཉིས་ཕུད། དེ་མིན་དོན་ཚན་གང་རུང་ལ་སྣོན་འཕྲི་དང་བསྐྱར་བཅོས་དགོས་གལ་བྱུང་ཚེ། རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན། ཡང་ན་དམིགས་བསལ་དགོས་གལ་སྐབས་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་བཅས་ཀྱི་ཚོགས་འཐུས་སུམ་ཆ་གཉིས་ཡན་གྱི་མོས་མཐུན་གྱིས་བསྐྱར་བཅོས་བྱ་ཆོག་པ་ཡིན། ཡིན་ནའང་བསྐྱར་བཅོས་མ་བྱས་གོང་གི་ཟླ་བ་གཅིག་གི་སྔོན་དུ་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་ཚོགས་མི་རྣམས་ལ་དེ་ལྟའི་བསྐྱར་བཅོས་གཏོང་རྒྱུའི་ཚོགས་འདུ་གསལ་བསྒྲགས་བྱ་དགོས་པ་དང། རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་བསྐྱར་བཅོས་བྱས་རིགས་ཚོགས་ཆེན་རྗེས་མའི་བར་ནུས་ལྡན་ཡིན་ཀྱང། དེ་དུས་རྒྱབ་གནོན་གཏན་འབེབས་ཞུ་དགོས་པ་ཡིན།

དོན་ཚན་སོ་གཅིག་པ། བར་བརྒལ་གྱི་ཆ་རྐྱེན།

༡)         ཀ) རྩ་ཁྲིམས་འདི་རྩ་ཁྲིམས་འདིའི་དོན་ཚན་གཉིས་པར་མོས་མཐུན་ཡོད་པའི་གཞིས་བྱེས་བོད་མི་ཡོངས་ལ་ཁྱབ་པ་ཡིན།

ཁ) བོད་ཆོལ་གསུམ་ཆིག་སྒྲིག་གྱི་རང་བཙན་སླར་གསོ་བྱུང་རྗེས་གཤམ་གསལ་ནང་གསེས་གཉིས་ཕྱིར་འཐེན་བྱ་རྒྱུ།

༡) དོན་ཚན་གཉིས་པའི་ཁོངས་སུ་ “བོད་མིའི་རྩ་དོན་ཆོལ་གསུམ་ཆིག་སྒྲིལ་གྱི་རང་བཙན་དེ་སླར་གསོའི་ལས་དོན་ལ་འབད་བརྩོན་མཐར་ཕྱིན་བྱ་རྒྱུ་དང།” ཞེས་པ།

༢) དོན་ཚན་གསུམ་པའི་ནང་གསེས་གཉིས་པ།

ག) རྩ་ཁྲིམས་འདི་དོན་ཚན་བཞི་པ་ནང་གསལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་ཞུ་རྒྱུ་གསལ་བ་བཙན་བྱོལ་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་གོ་དགོས་པ་ཡིན།

༢) སྐྱབས་བཅོལ་ལ་གནས་པའི་རིང་གི་སྒྲིག་འཛུགས།

༡) རྒྱལ་ཡོངས།

ཀ) རྒྱལ་ཡོངས་ཚོགས་ཆེན།

ཁ) དམིགས་བསལ་རྒྱལ་ཡོངས་ཚོགས་ཆེན།

ག) རྒྱལ་ཡོངས་འགན་འཛིན་ལྷན་ཚོགས།

ང) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས།

༢) ས་གནས།

ཀ) ས་གནས་རྒྱུན་ལས། བོད་མི་གནས་སྡོད་ས་གནས་སོ་སོར་ས་གནས་རྒྱུན་ལས་ཁང་རེ་དགོས་པ་ཡིན།

ཁ) རུ་ཁག་དང་རུ་ཆུང། ས་གནས་སོ་སོའི་འོག་རུ་ཁག་དང་རུ་ཆུང་སོགས་ས་གནས་བབ་བསྟུན་དགོས་མཁོ་ཡོད་མིན་ས་གནས་སོ་སོའི་རྒྱུན་ལས་ནས་ཐག་གཅོད་གནང་རྒྱུ་ལས་རྒྱས་བཅད་ཀྱི་གཏན་འབེབས་དམིགས་བསལ་མེད།

ཟུར་བརྗོད།

༡) ས་གནས་རྒྱུན་ལས།

ཀ) ས་གནས་རྒྱུན་ལས་མང་མཐའ་བཅུ་གཅིག་དང་།  ཉུང་མཐའ་ལྔ་ཡིན།

ཁ) རུ་ཁག་སོ་སོའི་ཚོགས་མི་ཡོངས་ནས་ས་གནས་ཚོགས་ཆུང་གི་རྒྱུན་ལས་ཀྱི་འོས་གཞི་ལྔ་ནས་བཅུ་གཅིག་བར་འདོན་རྒྱུ་དང། རུ་ཁག་ཡོངས་ཀྱི་འོས་གཞི་བསྡུ་རུབ་བྱས་པའི་ཁོངས་ནས་རུ་ཁག་གི་རྒྱུན་ལས་རྣམས་མཉམ་འཛོམས་ཀྱིས་ཚོགས་གཙོ་དང། རྒྱུན་ལས་འོས་འདེམས་བསྐོ་བཞག་བྱ་རྒྱུ་དང། རུ་ཁག་མེད་རིགས་ལ་ས་གནས་ཚོགས་མི་ཡོངས་ནས་འོས་འདེམས་བསྐོ་བཞག་བྱ་དགོས།

༣) ཚོགས་བཞུགས།

ཀ) ཚོགས་མི་དང། ཁུར་ཁྱེར་ཚོགས་མི་ཞེས་དབྱེ་བ་མེད་པར་ཚོགས་མི་ཞེས་གོ་རྒྱུ་དང། རྒྱ་བོད་བལ་འབྲུག་བཞི་ཡི་ཚོགས་དངུལ་ལོ་རེར་ཧིན་སྒོར་ ༡༠ རེ་དང་ཕྱི་རྒྱལ་ཁག་ལ་ཨ་སྒོར་ ༥ རེ་འབུལ་ཞུས་ཀྱི་འགེངས་ཤོག་ ཀ་ འགེངས་དགོས་རྒྱུ། དེ་བཞིན་ཚོགས་མིའི་དུས་ཡུན་ལོ་ལྔ་ཡིན།

ཁ) དོན་ཚན་བརྒྱད་པའི་ནང་གསེས་ཨང་ ༣ པའི་འབྲུ་དོན་ཚོགས་མི་ནས་ཚོགས་དངུལ་བྱུང་བ་རྣམས་ས་གནས་རྒྱུན་ལས་ནས་ཉར་ཚགས་གནང་རྒྱུ།

༤) རྒྱལ་ཡོངས་ཚོགས་གཙོ་དང་སྤྱི་ཁྱབ་རྒྱུན་ལས་ཀྱི་ལས་ཡུན། ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་དང་སྤྱི་ཁྱབ་རྒྱུན་ལས། དེ་བཞིན་ལས་ཡུན་ལོ་བཞི་ཡིན།

༥) རྒྱལ་ཡོངས་འགན་འཛིན་ལྷན་ཚོགས།

རྒྱལ་ཡོངས་འགན་འཛིན་ལྷན་ཚོགས་ལོ་གཉིས་རེའི་མཚམས་ཚོགས་རྒྱུ། རྒྱལ་ཡོངས་འགན་འཛིན་ལྷན་ཚོགས་ནས་སྤྱི་ཁྱབ་རྒྱུན་ལས་དང། དྲུང་ཆེ། ཚོགས་ཁོངས་སྤྱི་འཐུས། གདན་ཞུའི་སྐུ་མགྲོན་བཅས་ཚོགས་ཞུགས་ཆོག་པ་ཡིན། ཚོགས་དུས་དང་ཚོགས་ཡུལ་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་གཏན་འབེབས་གནང་རྒྱུ།

༦) རྒྱལ་ཡོངས་འགན་འཛིན་ལྷན་ཚོགས།

༡) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་པ་རྣམས་དང། ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་དང་དྲུང་ཆེ། ཚོགས་མི་བཅུ་རེ་ནས་འཐུས་ཚབ་རེ། ཚོགས་ཁོངས་སྤྱི་འཐུས། གདན་ཞུའི་སྐུ་མགྲོན་བཅས་ཚོགས་ཞུགས་ཆོག་པའི་ཐོབ་ཐང་ཡོད།

༢) རྒྱལ་ཡོངས་ཚོགས་ཆེན་ལོ་བཞི་རེའི་མཚམས་ཚོགས་དགོས་པ་དང། ཚོགས་དུས་དང་ཚོགས་ཡུལ་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་གཏན་འབེབས་བྱ་རྒྱུ།

༧) རྒྱལ་ཡོངས་ཚོགས་གཙོའི་འོས་བསྡུ།

༡) རྒྱལ་ཡོངས་ཚོགས་གཙོ་དང། སྤྱི་ཁྱབ་རྒྱུན་ལས་པ་རྣམས་རྒྱལ་ཡོངས་ཚོགས་ཆེན་ནས་འོས་འདེམས་བསྐོ་བཞག་གནང་རྒྱུ་དང། སྤྱི་ཁྱབ་རྒྱུན་ལས་ཀྱི་ལས་རྒྱུན་མ་རྫོགས་གོང་ཚོགས་གཙོ་འམ་རྒྱུན་ལས་པ་གང་ཞིག་དགོངས་ཞུ་སོགས་བྱུང་ཚེ་ཚབ་གསར་འཇོག་དགོས་སྐབས་བསྟུན་སྤྱི་ཁྱབ་རྒྱུན་ལས་ཁང་ནས་མང་མོས་ཐག་གཅོད་གནང་རྒྱུ།

༢) ཚོགས་ཞུགས་འཐུས་མི་ལྔ་རེ་ཡོད་པའི་ཚོགས་ཆུང་ནས་རྒྱལ་ཡོངས་ཚོགས་གཙོའི་འོས་གཞིར་ཚོགས་མི་ཞིག་མིང་འདོན་བྱེད་ཆོག་པ་ཡིན།

༨) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས། རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་པ་རྒྱལ་ཡོངས་ཚོགས་གཙོ་དང་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་མི་གྲངས་ ༡༡ ནས་ ༡༥ བར་དགོས།

དོན་ཚན་སོ་གཉིས་པ། འགོ་འཛུགས།

རྩ་ཁྲིམས་འདི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཐོག་ནས་གཏན་འབེབས་བྱས་པའི་དུས་ཚོད་དེ་ནས་རྩ་འཛིན་གྱིས་དངོས་སུ་ལག་བསྟར་བྱ་རྒྱུ།

 

 

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྒྲིག་སྲོལ།

ཚོགས་མིའི་སྐོར།

དོན་ཚན་བརྒྱད་པ་དང་བཅུ་པ།

༡)         ཀ་ ཚོགས་མིར་འཛུལ་ཞུགས་ཀྱི་འགེངས་ཤོག  ཀ༽ ཕུལ་འབྱོར་བྱུང་མཚམས་ས་གནས་དྲུང་ཆེས་ཐག་གཅོད་བྱ་རྒྱུ། དེ་རྗེས་གཏན་འབེབས་ཀྱི་ཚོགས་དངུལ་དུས་ཡུན་ཅི་ཙམ་ལ་ཕུལ་བ་དེ་བར་དུ་ཚོགས་མི་ཡིན་རྒྱུ།

ཁ༽ ཁུར་ཁྱེར་ཚོགས་མིར་འཛུལ་ཞུགས་ཀྱི་འགེངས་ཤོག་ཁ་པ་ཕུལ་འབྱོར་བྱུང་བ་རྣམས་ལ་ས་གནས་དྲུང་ཆེའི་ཞིབ་བཤེར་རྒྱབ་གཉེར་བྱུང་མཚམས་རྫོང་གི་དྲུང་ཆེས་ཐག་གཅོད་བྱ་རྒྱུ།

ག༽ ཁུར་ཁྱེར་ཚོགས་མིར་བསྐྱར་ཞུགས་ཀྱི་འགེངས་ཤོག ག) པ་ཕུལ་འབྱོར་བྱུང་མཚམས་རྫོང་གི་དྲུང་ཆེས་ཐག་གཅོད་བྱ་རྒྱུ།

ང༽ ཁུར་ཁྱེར་ཚོགས་མིར་གསར་ཞུགས་དང་བསྐྱར་ཞུགས་ཀྱི་བཀའ་འཁྲོལ་མ་བྱུང་བའི་སྐབས་སུ། མངའ་སྡེའི་དྲུང་ཆེས་གཙོས་པའི་མི་གསུམ་གྱི་ཚོགས་ཆུང་ཞུ་གཏུགས་ཀྱིས་ཐག་གཅོད་བྱ་རྒྱུ།

༢)         ཀ༽ ཚོགས་པའི་འགེངས་ཤོག་ཁག་མངའ་སྡེ་རྒྱུན་ལས་ནས་དཔར་སྐྲུན་བྱས་ཏེ་རྫོང་དང་བཅས་པའི་རིམ་པ་སོ་སོར་བགོ་འགྲེམས་བྱས་པའི་བྱུང་འཛིན་ལེན་རྒྱུ།

ཁ༽ ཚོགས་མིའི་འགེངས་ཤོག་ཁག་ལོ་ལྔ་རེའི་མཚམས་གསར་དུ་དཔར་སྐྲུན་གྱིས་འགེངས་ཤོག་ཨང་ ༡ པོ་ནས་འགོ་འཛུགས་བྱ་དགོས།

༣) རྩ་ཁྲིམས་ཀྱི་དོན་ཚན་བཅུ་པའི་ནང་གསེས་ ༡ ལྟར། ས་གནས་ཚོགས་མིའི་ཐོ་གཞུང་རྫོང་གི་རྒྱུན་ལས་ནས་བཟོ་ཉར་བྱ་རྒྱུ་དེ་ལྟར་ཡང། སྒྲིག་འཛུགས་ཁག་དང་རྒྱལ་ཁབ་ཀྱི་འོས་བསྡུ་མ་བྱས་གོང་གི་ཞག་ཉི་ཤུའི་སྔོན། སྒྲིག་འཛུགས་ཁོངས་སོ་སོའི་ཚོགས་མིའི་ཐོ་གཞུང་གསལ་བསྒྲགས་བྱ་དགོས་ཤིང།  ནོར་འཁྲུལ་སོགས་ཀྱི་རྩོད་རྙོག་རིགས་སྒྲིག་འཛུགས་གོང་མས་མཐའ་མའི་ཐག་གཅོད་བྱ་རྒྱུ།

༡) ཁུར་ཁྱེར་ཚོགས་མིར་འཛུལ་ཞུགས་ཀྱི་བཀའ་ཁྲོལ་བྱུང་མཚམས་རྫོང་གི་རྒྱུན་ལས་ནས་ཁུར་ཁྱེར་ཚོགས་མིར་དོ་བདག་གི་འདྲ་དཔར་ཡོད་པའི་ངོ་སྤྲོད་ལག་ཁྱེར་རེ་སྤྲོད་རྒྱུ་དང། དེར་རྫོང་གི་དྲུང་ཆེའི་ས་རྟགས་དགོས་རྒྱུ།

རྒྱལ་ཡོངས་ཚོགས་གཙོའི་འོས་བསྡུ།

(དོན་ཚན་བཅོ་བརྒྱད་པ།)

༡) རྒྱལ་ཡོངས་ཚོགས་གཙོ་འོས་བསྡུའི་ཆེད་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་ཚོགས་གཙོའི་འོས་གཞིར་མེད་པའི་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ཀྱི་དྲུང་ཆེ་ཞིག་འོས་བསྡུའི་ཞིབ་བཤེར་འགན་འཛིན་པར་བསྐོ་བཞག་བྱ་རྒྱུ། གལ་ཏེ་དྲུང་ཆེ་ཚང་མ་འོས་གཞིར་ཡོད་ན། ཚོགས་མི་གཞན་ཞིག་བསྐོ་བཞག་བྱ་རྒྱུ།

༢) འདེམས་བྱེད་ཚོགས་ཆུང་གི་འཐུས་མི་བཅུ་རེ་ནས་རྒྱལ་ཡོངས་ཚོགས་གཙོའི་འོས་གཞིར་ཁུར་ཁྱེར་ཚོགས་མི་ཞིག་མིང་འདོན་བྱེད་ཆོག་པ་ཡིན།

༣) དེ་འདྲའི་འོས་གཞིར་མིང་འདོན་བྱས་པ་རྣམས་འོས་བསྡུའི་ཞིབ་བཤེར་འགན་འཛིན་གྱིས་གསལ་བསྒྲགས་བྱ་དགོས་ཤིང། འོས་གཞི་ནས་ཕྱིར་འཐེན་བྱ་འདོད་མཁན་གྱིས་གསལ་བསྒྲགས་བྱས་རྗེས་ཀྱི་ཉིན་བདུན་ནང་ཚུད་དུ་འོས་བསྡུའི་ཞིབ་བཤེར་འགན་འཛིན་ལ་ཡིག་ཐོག་སྙན་སེང་ཞུས་ཏེ་ཕྱིར་འཐེན་བྱ་འཐུས།

༤) འོས་གཞི་ནས་ཕྱིར་འཐེན་བྱས་པ་རྣམས་ཕུད། དེ་འཕྲོས་འོས་གཞི་རྣམས་ཀྱི་མིང་གཞུང་མངའ་སྡེ་རྒྱུན་ལས་ཁག་ལ་གསལ་བསྒྲགས་བྱ་དགོས། གལ་ཏེ་འོས་གཞི་གཅིག་ལས་མེད་ན་དེ་ཉིད་རང་བཞིན་གྱིས་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོར་འོས་ཐོན་བྱུང་བར་གསལ་བསྒྲགས་བྱ་དགོས།

༥) རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་འོས་བསྡུའི་ཚོད་གཏན་འབེབ་བྱ་རྒྱུ་དང། དེའང་མཐའ་མའི་འོས་གཞི་གསལ་བསྒྲགས་བྱས་ཏེ་ཉིན་བདུན་ལས་མི་ཉུང་བའི་དུས་ཚེས་ཤིག་ཡིན་དགོས།

༦) རྒྱལ་ཡོངས་ཚོགས་གཙོ་འོས་བསྡུ་དངོས་གཞིའི་སྐབས། འཐུས་མི་རྣམས་ནས་གཤམ་གསལ་ལྟར་འོས་འཕེན་དགོས།

ཀ  གལ་ཏེ་འོས་མི་གཉིས་ལས་མེད་ན་དེ་ལས་གཅིག་ལ་འོས་རྟགས་བརྒྱབ་ན་འཐུས།

ཁ  ཡང་འོས་མི་གཉིས་ལྷག་ཡོད་ན་དེ་ལས་ཉུང་མཐར་གཉིས་ལ་ཨང་དང་གཉིས་ཀྱི་འོས་རྟགས་བརྒྱབ་དགོས། གཉིས་ལས་ཉུང་བར་འོས་རྟགས་བརྒྱབ་ཚེ་འོས་ཤོག་དེ་རྩིས་མེད་གཏོང་རྒྱུ།

༧) འོས་བསྡུ་གྲུབ་མཚམས་མངའ་སྡེ་རྒྱུན་ལས་ཁག་ནས་སོ་སོའི་འོས་སྒམ་ལམ་སེང་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ལ་རྩིས་འབུལ་ཞུ་དགོས།

༨)          ཀ  མངའ་སྡེའི་རྒྱུན་ལས་ཁག་ནས་འོས་སྒམ་རྣམས་འབྱོར་འཕྲལ་འོས་བསྡུ་ཞིབ་བཤེར་འགན་འཛིན་ནས་དགའ་མོས་ཀྱིས་ཨང་དང་པོའི་རྟགས་ཅན་རྣམས་གྲངས་བཤེར་བྱས་ཏེ། འོས་མི་སུ་ཞིག་ལ་བརྒྱ་ཆ་ལྔ་བཅུ་ལས་བརྒལ་ཏེ་འོས་ཤོག་ཐོབ་ཚེ། དེ་ཉིད་རྒྱལ་ཡོངས་ཚོགས་གཙོར་འོས་འདེམས་བྱུང་བའི་གསལ་བསྒྲགས་བྱ་རྒྱུ།

ཁ  གལ་ཏེ་འོས་མི་སུ་ལའང་འོས་གྲངས་བརྒྱ་ཆ་ལྔ་བཅུ་ལས་མ་བརྒལ་ཚེ།  དགའ་མོས་ཀྱིས་ཨང་དང་པོ་ཐོབ་པའི་གྲས་ནས་དམའ་ཤོས་ཀྱི་འོས་མི་དེ་ཕྱིར་འདོན་བྱ་རྒྱུ་ཡང། འོས་གྲངས་དེ་གྲངས་བཤེར་གཉིས་པའི་སྐབས་སུ།  དེའི་དགའ་མོས་ཨང་གཉིས་པ་རྣམས་འོས་མི་སུ་ཞིག་ཡོད་ན་དེར་རྩིས་འགྲོ་གཏོང་རྒྱུ། གང་ལྟར་འོས་མི་ཞིག་ལ་འོས་གྲངས་བརྒྱ་ཆ་ལྔ་བཅུ་ཐམ་པ་ལས་བརྒལ་བ་མ་ཐོབ་བར། ལམ་འདིས་རིགས་བསྒྲེས་ཏེ་མཐའ་མའི་འོས་འདེམས་གསལ་བསྒྲགས་བྱ་རྒྱུ།

༩) རྒྱལ་ཡོངས་ཚོགས་གཙོ་འདས་གྲོངས་སམ་དགོངས་ཞུ་སོགས་ཀྱི་ཛ་དྲག་གི་གནས་ཚུལ་བྱུང་ན། རྒྱལ་ཡོངས་ཚོགས་གཙོ་འོས་འདེམས་མ་བྱུང་བར་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་བར་བརྒལ་ཚོགས་གཙོ་ཞིག་བསྐོ་བཞག་དགོས་ལ། དེའི་བར་དྲུང་ཆེ་ལས་མྱོང་ཆེ་ཤོས་ཀྱིས་ཚོགས་གཙོའི་ལས་འགན་ཁུར་རྒྱུ།།

 

སྒྲིག་སྡོམ།

དོན་ཚན་ཉེར་བཞི་པའི་ནང་གསེས།

༡) རྒྱལ་ཡོངས་སྤྱི་ཁྱབ་དང། མངའ་སྡེ། རྫོང་། ས་གནས་བཅས་ཀྱི་རྒྱུན་ལས་ནས་སོ་སོའི་འོག་གི་ལྷན་ཚོགས་སམ། ཚོགས་ཆུང། ཚོགས་མི་གང་རུང་ལ་སྒྲིག་སྡོམ་གྱི་ལས་འགུལ་སྤེལ་ཆོག་ཀྱང། རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་རྒྱལ་ཡོངས་ལྷན་ཚོགས་དང་དེའི་འཐུས་མི། མངའ་སྡེའི་རྒྱུན་ལས་ནས་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི། རྫོང་གི་རྒྱུན་ལས་ནང་མངའ་སྡེ་གྲོས་ཚོགས་འཐུས་མི་བཅས་ལ་སྒྲིག་སྡོམ་གྱི་ལས་འགུལ་སྤེལ་མི་ཆོག

༢) སྤྱིར་རྒྱུན་ལས་སོ་སོའི་དབང་ཚད་གོང་འཁོད་ལྟར་ཡང། རིམ་པ་སོ་སོའི་ཚོགས་གཙོ་ནས་སྒྲིག་འགལ་གྱི་སྙན་སེང་བྱུང་རིགས་ཀྱི་སྒྲིག་སྡོམ་ཆེད།  རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ནས་རྒྱལ་ཡོངས་དང། མངའ་སྡེ། རྫོང་བཅས་སུ་ཚོགས་མི་ལྔ་ཅན་གྱི་སྒྲིག་སྡོམ་ཚོགས་ཆུང་རེ་འཛུགས་རྒྱུ།

༣) སྒྲིག་སྡོམ་ཚོགས་ཆུང་གི་ཐག་གཅོད་ཀྱི་བཀའ་ཁྱབ་མ་བྱུང་བར། རིམ་པ་སོ་སོའི་ཚོགས་གཙོས་གྱོད་གཞི་ཅན་གྱི་ལྷན་ཚོགས་སམ།  ཚོགས་ཆུང། ཚོགས་མི་གང་ཞིག་གནས་བཤོལ་བཀའ་རྒྱ་བྱ་འཐུས་ཀྱང།  རྒྱུན་ལས་ཀྱི་ཚོགས་འདུ་རྗེས་མར་དེ་སྙན་སེང་གིས་རྒྱབ་གཉེར་ཞུ་དགོས།

༤) གྱོད་གཞི་ཅན་གྱི་ལྷན་ཚོགས་སམ། ཚོགས་ཆུང། ཚོགས་མི་གང་རུང་ལ་ལན་འདེབས་ཀྱི་གོ་སྐབས་མ་སྤྲད་པར་སྒྲིག་སྡོམ་ཚོགས་ཆུང་གིས་མཐའ་མའི་ཐག་གཅོད་བྱེད་མི་ཆོག

༥) སྒྲིག་སྡོམ་ཚོགས་ཆུང་རིམ་པ་གང་ཞིག་གི་ཐག་གཅོད་ལ་འདོད་བློ་མི་ཁེངས་པའི་གནས་ཚུང་བྱུང་ན། སྒྲིག་སྡོམ་ཚོགས་ཆུང་རིམ་པ་གོང་མར་ཐེངས་གཅིག་ཞུ་གཏུགས་བྱ་རྒྱུའི་ཐོབ་ཐང་ཡོད།

༦) སྒྲིག་སྡོམ་ཁོངས་སུ་ཚུད་པ་གཤམ་གསལ།

ཀ་ ཚོགས་པའི་ལས་འགུལ་དང། ཐག་གཅོད་ཤེས་བཞིན་དུ་རྒྱབ་འགལ་གྱི་ལས་འགུལ་ལམ། ཁྱབ་བསྒྲགས་སྤེལ་བ།

ཁ་ ཚོགས་པའི་འོས་མིར་རྒྱབ་འགལ་གྱི་ལས་འགུལ་སྤེལ་བའམ་ཁ་གཏད་དུ་ལངས་པ།

ག་ དབང་ཚད་ཅན་གྱི་གཏན་འབེབས་སྒྲིག་སྲོལ་ལམ། ཐག་གཅོད་ལ་རྒྱབ་འགལ་བྱས་པ།

ང་ ཚོགས་པ་དང་འབྲེལ་བའི་རྩོད་རྙོག་རྣམས་ཚོགས་པ་ལས་བརྒལ་ཏེ་གཞན་གྱི་མདུན་སར་ཞུ་གཏུགས་བྱས་པ།

ཅ་ བཀའ་འཁྲོལ་མེད་པར་ཚོགས་པའི་ཆེད་དཔལ་འབྱོར་འདུ་འགོད་བྱེད་པ་དང། ཚོགས་པ་བེད་སྤྱོད་ལོག་པར་གཏོང་བ།

ཆ་ ཚོགས་མི་སྤར་ཆ་དང། ཚོགས་མི་འོས་འདེམས་སྐབས་སྒྲིག་འགལ་ཐབས་ལམ་བེད་སྤྱོད་བྱས་པ།

ཇ་ ཚོགས་པའམ། ཡན་ལག རྒྱུན་ལས་ལ་དམའ་འབེབས་ཀྱི་ལས་འགུལ་ལམ། ཁྱབ་བསྒྲགས་སྤེལ་བ།

 

སྤྱིར་བཏང།

༡) མི་སུ་ཞིག་དུས་གཅིག་ཏུ་ཚོགས་ཆུང་འདྲ་མཚུངས་གཉིས་ཀྱི་ཚོགས་མི་བྱེད་མི་ཆོག

༢) ཚོགས་ཆུང་གང་ཞིག་ནས་དེའི་དབང་ཚད་དེ་ལས་ཆུང་བའི་ཚོགས་ཆུང་ངམ་གང་ཟག་བྱེ་བྲག་པར་འགན་དབང་བསྐུར་ཆོག་པ་ཡིན།

༣) ཚོགས་པའི་ལས་དོན་གྱི་ཆེད་དུ་གཞུང་འབྲེལ་གྱི་མི་འབོར་ཞིབ་བཤེར་མཐའ་མ་དེར་བརྩི་འཇོག་བྱ་རྒྱུ།

༤) འོས་ཤོག་གི་བརྒྱ་ཆ་བརྩི་སྐབས་བཅུ་ཟུར་ལྔ་དང་དེ་ཡན་འོས་གཅིག་ཏུ་བརྩི་རྒྱུ་དང། དེ་མན་རྩིས་མེད་གཏོང་རྒྱུ།

༥) རྩ་ཁྲིམས་འདིའི་ནང་དུ་འོས་ཤོག་ཅེས་པའི་ཐ་སྙད་དམ་དེ་འབྲེལ་གྱི་ཚིག་བརྗོད་གང་ཐོན་རྣམས་ཚད་ལྡན་གྱི་འོས་ཤོག་ཏུ་གོ་དགོས།

༦) རྩ་ཁྲིམས་འདིའི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ཐད་རྩོད་གླེང་བྱུང་ཚེ་མཐར་ཐུག་གི་ཐག་གཅོད་བྱེད་པའི་དབང་ཆ་རྒྱལ་ཡོངས་ཚོགས་ཆེན་དང། དམིགས་བསལ་ཚོགས་ཆེན་ལ་ཡོད་སྟབས། དེའི་སྐོར་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་མི་ཆོག

༧) ཚོགས་མི་སུ་ཞིག་ལྷན་ཚོགས་སམ་རྒྱུན་ལས་ཀྱི་ཚོགས་འདུར་དགོངས་ཞུ་མེད་པར་བསྟུད་མར་ཚོགས་ཐེངས་གསུམ་ལ་ཞུགས་ཆད་བྱུང་ཚེ་རང་བཞིན་གྱིས་བུད་པ་ཡིན།

༨) ཁྲིམས་མཐུན་གྱི་ཚོགས་ཆུང་ངམ་རྒྱུན་ལས་ཁག་གི་ཚོགས་འདུར་ཚོགས་མིིིའི་སུམ་ཆ་གཉིས་འཛོམས་དགོས་པ་དང། དེ་བཞིན་ལྷན་ཚོགས་ཁག་གི་ཚོགས་འདུར་ཚོགས་མིའི་རྩ་འབོར་གྱི་བཅུ་ཆ་གཅིག་ཚང་དགོས།

༩) རྩ་ཁྲིམས་ཀྱི་དོན་ཚད་ཁག་ཏུ་ཁ་གསལ་ཡོད་ན་ལས་འོས་བསྡུ་དང་ཐག་གཅོད་བྱེད་ཕྱོགས་ཐད་མང་མོས་ཕལ་བ་ཙམ་གྱིས་འཐུས་རྒྱུ།།

འགེངས་ཤོག་ཀ་པ།  ཚོགས་མི།

(རྩ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་ ༡ པོའི་ཀ  )

འགེངས་ཤོག་ཨང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གུས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དང་བླངས་དཔྱ་དངུལ་ལག་དེབ་ཨང་་་་་་་་་་་་་་་་་་་་་་་་་་་་་ཅན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་མིར་ཕྱི་ལོ་་་་་་་་་་་་་་་་་་ཟླ་་་་་་་་་་་་་་་་་་་་་་ཚེས་་་་་་་་་་་་་་་་་་་་ནས་ཕྱི་ལོ་་་་་་་་་་་་་་་་་་་་་་་་ཟླ་་་་་་་་་་་་་་་་་་་་་་་་་ཚེས་་་་་་་་་་་་་་་་་་་་་་་་་་་་་་བར་ཞུགས་སུ་འཇུག་རོགས་ཞུ་རྒྱུ་དང།  གསུམ་པ་རང་ལོ་བཅོ་བརྒྱད་ཧྲིལ་པོ་ཟིན་ཅིང་གུས་པས་ཚོགས་པའི་དམིགས་ཡུལ་དང་རྩ་ཁྲིམས་ལ་དང་ལེན་གྱི་དམ་བཅའ་འཇུག་རྒྱུ་ཡིན།  འདི་མཉམ་ཚོགས་དངུལ་སྒོར་་་་་་་་་་་་་་་་་་ཕུལ་ཡོད།

ཕ་/ཁྱོ་གའི་མིང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལོ་་་་་་་་་་་་་་་་་་་་་་་་་་་་འཚོ་ཐབས་་་་་་་་་་་་་་་་་་་་་་་་་་་་་གཏན་སྡོད་ཁ་བྱང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

འདྲ་པར།

གོང་གསལ་ལོ་རྒྱུས་ཧེ་བག་མེད་ཅིང་དྲང་བདེན་ཡིན་པར་དོ་བདག་གི་ས་རྟགས་ས་གནས་རྒྱུན་ལས་དྲུང་ཆེའི་ས་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཕྱི་ལོ་་་་་་་་་་་་་་་་་་་་་ཟླ་་་་་་་་་་་་་་་་་་་་ཚེས་

འགེངས་ཤོག་ཁ་པ།   ཁུར་ཁྱེར་ཚོགས་མི།

(རྩ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་  ༢  པའི་  ཁ )

འགེངས་ཤོག་ཨང་་་་་་་་་་་་་་་་་་་་་་་་་་་་་་་་གུས་་་་་་་་་་་་་་་་་་་་་་་་་་་་་་་དང་བླང་དཔྱ་དངུལ་ལག་དེབ་ཨང་་་་་་་་་་་་་་་་་་་་་་་་་་་ཅན།  བོད་ཀྱི་རྒྱལ་ཡོངས་མང་གཙོའི་ཚོགས་པའི་འགེངས་ཤོག་ཨང་་་་་་་་་་་་་་་་་་་་་་་ཅན་གྱི་ཚོགས་མི་ཡིན་ཅིང།   ད་ལམ་གུས་པ་ཕྱི་ལོ་་་་་་་་་་་་་་་་ཟླ་་་་་་་་་་་་་་་་་ཚེས་་་་་་་་་་་་་་་་་ནས་ཕྱི་ལོ་་་་་་་་་་་་་་་་ཟླ་་་་་་་་་་་་་་་་་་་་་་་ཚེས་་་་་་་་་་་་་་་་་་་་་་བར་ཁུར་ཁྱེར་ཚོགས་མིར་ཞུགས་སུ་འཇུག་རོགས་ཞུ་རྒྱུ་དང།  གུས་ནས་ཚོགས་པའི་དམིགས་ཡུལ་དང་རྩ་ཁྲིམས་ལ་དང་ལེན་ཞུ་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན།  འདི་མཉམ་ཚོགས་དངུལ་སྒོར་་་་་་་་་་་་་ཕུལ་ཡོད།

ཕ་/ཁྱོ་གའི་མིང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལོ་་་་་་་་་་་་་་་་་་་་་་་་་འཚོ་ཐབས་་་་་་་་་་་་་་་་་གཏན་སྡོད་ཁ་བྱང་་་་་་་་་་་་་་་་་་་་་་་

འདྲ་པར།

གོང་གསལ་ལོ་རྒྱུས་ཧེ་བག་མེད་ཅིང་དྲང་བདེན་ཡིན་པར་དོ་བདག་གི་ས་རྟགས། ཕྱི་ལོ་་་་་་་་་་་་་་་་་་་་་་་་་་་་་་་་་ཟླ་་་་་་་་་་་་་་་་་་་་་་་ཚེས་  དོན་ཚན་བརྒྱད་པའི་ནང་གསེས་ ༢ པའི་ (ཀ) ཆ་རྐྱེན་ལས་གང་རུང་ཚང་འདུག་པས་ས་གནས་རྒྱུན་ལས་དྲུང་ཆེའི་ས་རྟགས་་་་་་་་་་་་་་་་་་་་་་་་་རྫོང་གི་རྒྱུན་ལས་དྲུང་ཆེའི་ས་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཕྱི་ལོ་་་་་་་་་་་་་་་་་་་་་་་ཟླ་་་་་་་་་་་་་་་་་་་ཚེས་

འགེངས་ཤོག་ག་པ།  བསྐྱར་ཞུགས་ཀྱི་ཁུར་ཁྱེར་ཚོགས་མི།

(རྩ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་ ༢ པའི་ ག )

འགེངས་ཤོག་ཨང་་་་་་་་་་་་་་་་་་་་་་་་་་་་གུས་་་་་་་་་་་་་་་་་་་་་་་་་་་་་་་་་དང་བླང་དཔྱ་དངུལ་ལག་དེབ་ཨང་་་་་་་་་་་་་་་་་་་་་་ཅན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགེངས་ཤོག་ཨང་་་་་་་་་་་་་་ཅན་གྱི། ཕྱི་ལོ་་་་་་་་་་་་་་་་་་་་་་་ཟླ་་་་་་་་་་་་་་་་་་་་་་་་་ཚེས་་་་་་་་་་་་་་་་་་་་་་་་ནས་ཕྱི་ལོ་་་་་་་་་་་་་་་་་་་་བར་གྱི་ཁུར་ཁྱེར་ཚོགས་མི་ཡིན་ཅིང། ད་ལམ་གུས་པ་ཁུར་ཁྱེར་ཚོགས་མི་ཕྱི་ལོ་་་་་་་་་་་ནས་ ཕྱི་ལོ་་་་་་་་་་་་་་་་བར་བསྐྱར་དུ་ཞུགས་སུ་འཇུག་རོགས་ཞུ་རྒྱུ་དང  གུས་ནས་ཚོགས་པའི་དམིགས་ཡུལ་དང་རྩ་ཁྲིམས་ལ་དང་ལེན་ཞུ་རྒྱུའི་དམ་བཅའ་འཇུག་རྒྱུ་ཡིན།

འདི་མཉམ་ཚོགས་དངུལ་སྒོར་་་་་་་་་་་་་་་་་་་་་་་་་་་་་་་་་་ཕུལ་ཡོད།

ཕ་/ཁྱོ་གའི་མིང་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལོ་་་་་་་་་་་་་་་་་་་་་་་་་་་་་་འཚོ་ཐབས་་་་་་་་་་་་་་་་་་་་་་་་་་་་་་གཏན་སྡོད་ཁ་བྱང་་་་་་་་་་་་་་་་་་

འདྲ་པར།

གོང་གསལ་ལོ་རྒྱུས་ཧེ་བག་མེད་ཅིང་དྲང་བདེན་ཡིན་པར་དོ་བདག་གི་ས་རྟགས། རྫོང་གི་རྒྱུན་ལས་དྲུང་ཆེའི་ས་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་ཕྱི་ལོ་་་་་་་་་་་་་་་་་་་་ཟླ་་་་་་་་་་་་་་་་་་ཚེས་

ཚོགས་གཙོ་དང་སྤྱི་ཁྱབ་རྒྱུན་ལས་ཀྱི་ལས་ཁུར་དམ་བཅའ།   

བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ (ཚོགས་གཙོར་ ) སྤྱི་ཁྱབ་དབུས་རྒྱུན་ལས་སུ་འདེམས་འཐོན་བྱུང་བ་ལགས་ན་ཚོགས་པའི་རྩ་ཁྲིམས་དང་སྒྲིག་སྲོལ་གྱི་དགོངས་དོན་གཞིར་བཟུང་ལས་ཁུར་ཞུ་རིང་ལས་དོན་ཆེ་ཕྲ་མཐའ་དག་ལ་རྒྱབ་མདུན་ངོ་ལྐོག་མེད་པར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཞུ་རྒྱུའི་དམ་བཅའ་གཙང་མ་འབུལ་རྒྱུ་ཡིན།།

Scroll Up