ཚོགས་པའི་ངོ་སྤྲོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོ་སྤྲོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི།  བོད་ཀྱི་མང་གཙོ་དང་ཞི་བདེའི་ལམ་སྟོན་པ་ཆེན་པོ་ ༸ རྒྱལ་དབང་སྐུ་ཕྲེང་ ༡༤ པ་མཆོག་གིས་བོད་ཀྱི་མང་གཙོ་དེ་སྲིད་དོན་ཚོགས་པའི་ལམ་ལུགས་ཡོད་པའི་མང་གཙོ་ཞིག་ལ་ཐུགས་རེ་གནང་བ་བཞིན།  དེ་ཡང་ཕྱི་ལོ་ ༡༩༩༠  ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༢༡ པའི་ཐོག་བཀའ་སློབ་ཕེབས་པའི་ནང།

“ཕྱིན་ཆད་བོད་སྐྱོང་སྟངས་ཐད་ཆ་བཞག་ན་སྤྱི་ཚོགས་རིང་ལུགས་གཙོ་བོར་བྱས་པའི་མང་གཙོའི་སྤྱི་ཚོགས་ཐོག་ཕྱིན་ན་ལེགས་པ་འདུག་གམ།  ཡང་ན་མང་གཙོའི་ལྟ་བ་འདྲ་མིན་སྣ་ཚོགས་ཡོད་པ་ལྟར་ལྟ་བ་འདི་འདྲ་ཞིག་གི་ཐོག་ཕྱིན་ན་ལེགས་པ་འདུག་ཟེར་བ་སོགས།  གང་ལྟར་ལྟ་བ་འདྲ་མིན་ཁྱེར་མཁན་ནང་གསེས་ཀྱི་ཚོགས་པ་འདྲ་མིན་བཙུགས།  དམིགས་ཡུལ་གཅིག་གྱུར་གྱི་སྒོ་ནས་སོ་སོའི་ལྟ་བ་འདྲ་མིན་ཁྱེར་མཁན་ཕན་ཚུན་བགྲོ་གླེང་བྱས།  རྩོད་པ་རྩོད་སའི་ལམ་སྲོལ་ཞིག་གཏོད་དགོས་ཀྱི་འདུག”  ཅེས་སོགས་མགོན་པོ་གང་གི་ལམ་སྟོན་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགན་འཁུར་ལ་བརྟེན་ནས་ཕྱི་ལོ་  ༡༩༩༤ ཟླ་ ༩ ཚེས་ ༢ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དངོས་སུ་དབུས་བརྙེས་པ་དང།  ཚོགས་པའི་དབུ་འབྱེད་སྐབས་དེའི་སྤྱི་འཐུས་ཚོགས་གཙོ་མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་གནང་བ་མ་ཟད།  དབུ་འབྱེད་མཛད་སྒོར་ ༸གོང་ས་མཆོག་གིས་གསུང་འཕྲིན་བསྩལ་ཡོད་ལ།  གསུང་འཕྲིན་དེའི་ནང་” མ་འོངས་པར་བོད་འདི་དངོས་འབྲེལ་མང་གཙོ་མཚན་ཉིད་ཚང་ཞིང།  ཡག་པོ་ཞིག་ཡོང་བའི་དོན་དུ་སྲིད་དོན་གྱི་ཚོགས་པ་འདྲ་མིན་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད།  དེ་རིང་ཁྱེད་རང་ཚོས་སྲིད་དོན་གྱི་ཚོགས་པ་ཞིག་བཙུགས་པ་འདིས།  ཏན་ཏན་ང་ཚོའི་མ་འོངས་པའི་དམིགས་ཡུལ་རླབས་ཆེན་ཞིག་སྒྲུབ་པའི་ཐད་ལ་ཞབས་འདེགས་ངེས་ཅན་ཞིག་འགྲུབ་ངེས་རེད་དྲན་གྱི་འདུག  “ཅེས་བཀའ་ཕེབས་ཡོད།   ད་བར་བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པ།  བཅུ་བཞི་པ་བཅོ་ལྔ་པ་དང་བཅུ་དྲུག་པ་བཅས་སྤྱི་འཐུས་སྐབས་ལྔའི་རིང་སྲིད་དོན་ཚོགས་པའི་འོས་འགན་ལྟར་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་འོས་གཞི་ཁྱབ་བསྒྲགས་ཀྱིས་ལས་འགན་འཁྱེར་ཡོད།  དེ་བཞིན་འོས་བསྡུའི་ལས་རིམ་ནང་འཛིན་སྐྱོང་བཀའ་ཤག་གི་ཐད་ཆ་ཤས་ཤུགས་ཆེར་བླངས་ཡོད་པ་མ་ཟད།  ཕྱི་ལོ་ ༢༠༠༡ ནས་མི་མང་གིས་ཐད་ཀར་འོས་འདེམས་ཀྱིས་བཀའ་བློན་ཁྲི་པ་སྐབས་དང་པོ་དང་སྐབས་གཉིས་པ།  བཀའ་ཁྲི་སྐབས་གསུམ་པའམ་སྲིད་སྐྱོང་སྐབས་དང་པོ་དང་གཉིས་པ་བཅས་ལ་ཚོགས་པ་འདིས་སྔ་ཕྱིར་སྲིད་དོན་ཚོགས་པའི་བྱེད་སྟངས་སྤྱད་དེ་འགན་འཁུར་རིམ་པ་བླངས་ནས་མང་ཚོགས་ལ་འོས་ཤོག་གི་སྣེ་ཁྲིད་ཞབས་ཞུ་མཚན་ཉིད་ཚང་བ་ཞུས་ཡོད།  དེའི་གྲུབ་འབྲས་དཔང་རྟགས་ལྟ་བུར་བཀའ་ཤག་གི་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་མོས་འདེམས་བྱེད་སྐབས།  སྔ་རྗེས་སུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཏོན་པའི་བཀའ་ཁྲི་དང་སྲིད་སྐྱོང་འོས་གཞི་ཤ་སྟག་ལ་གཅིག་རྗེས་གཉིས་མཐུད་དུ་རྒྱལ་ཁ་ཐོབ་ཡོད་པ་རེད།  དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་གཞི་ཁྱབ་བསྒྲགས་བྱེད་ཕྱོགས་ལའང་རང་འཁྲིའི་འགན་བབ་ཕྲག་ཏུ་བླངས་ཤིང་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད།  ཕྱི་ལོ་ ༢༠༡༡ གི་བཀའ་ཤག་གསར་པའི་སྲིད་སྐྱོང་དང་༢༠༡༦ལོའི་སྲིད་སྐྱོང་མཆོག་ཉིད་ཀྱང་འདི་ག་མང་གཙོ་ཚོགས་པ་རང་ཉིད་ཀྱིས་འོས་སྟོན་ཞུས་པའི་བོད་ཀྱི་འཛིན་སྐྱོང་གི་དབུ་འཛིན་དེ་ཡིན།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་པའི་ལོ་དེར་ཚོགས་ཆེན་ཐེངས་དང་པོ་ཚོགས་ཏེ་དབུས་རྒྱུན་སྐབས་དང་པོ།  ཕྱི་ལོ་ ༡༩༩༦ ལོར་ཚོགས་ཆེན་ཐེངས་གཉིས་པ་དང་དབུས་རྒྱུན་སྐབས་གཉིས་པ།  ཕྱི་ལོ་ ༢༠༠༠ ལོར་ཚོགས་ཆེན་ཐེངས་གསུམ་པ་དང་དབུས་རྒྱུན་སྐབས་གསུམ་པ།  ཕྱི་ལོ་ ༢༠༠༤ ལོར་ཚོགས་ཆེན་ཐེངས་བཞི་པ་དང་དབུས་རྒྱུན་སྐབས་བཞི་པ།  ཕྱི་ལོ་ ༢༠༠༨ ལོར་ཚོགས་ཆེན་ཐེངས་ལྔ་པ་དང་དབུས་རྒྱུན་སྐབས་ལྔ་པ།  ཕྱི་ལོ་ ༢༠༡༢ ལོར་ཚོགས་ཆེན་ཐེངས་དྲུག་པ་དང་དབུས་རྒྱུན་སྐབས་དྲུག་པ་༢༠༡༦ ལོར་ཚོགས་ཆེན་ཐེངས་བདུན་པ་དང་དབུས་རྒྱུན་སྐབས་བདུན་པ་རྣམས་རིམ་བཞིན་མང་གཙོའི་ལམ་སྲོལ་ལྟར་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་ཡོད།  ཚོགས་པ་འདིར་ཚོགས་མི་ ༥༠༠༠ ལྷག་ཡོད་ཅིང་ས་གནས་ཁག་ ༣༦ ཡོད་པ་དང་སྐབས་བདུན་པའི་དབུས་རྒྱུན་ནི།  ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༤ ནས་ ༢༦ བར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་བསྐྱངས་བ་བཅས་ཀྱི་ངོ་སྤྲོད་དུ།

Scroll Up