བསྒྲགས་གཏམ།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཉི་ཤུ་འཁོར་བའི་བསྒྲགས་གཏམ།

དེ་རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཉི་ཤུ་ཧྲིལ་པོ་འཁོར་བའི་དུས་སྟོན་འདིར།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་སོང་བའི་ཐོགདགའ་བའི་འཛུམ་མདངས་ཀྱིས་ཡོངས་སུ་ཁེངས་པའི་དུས་དྲན་འདི་དང་སྟབས་བསྟུན།བོད་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཡོངས་དང་ཚོགས་པའི་རྒྱབ་སྐྱོར་བ་ཕྱི་ནང་གི་མི་རིགས་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།ཚོགས་པ་འདི་དབུ་འཛུགས་མཛད་པ་དང་རྒྱུན་འཛིན་གནང་མཁན་གྱི་མི་ཐོག་རྒན་རབས་རྣམས་ལ་དམིགས་བསལ་གྱི་བཀའ་དྲིན་རྗེས་དྲན་དང་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།ཕྱི་ལོ་ ༡༩༤༩ ལོར་བོད་ཀྱི་ཤར་ཕྱོགས་ཁམས་དང་ཨ་མདོའི་ས་ཆ་ནས་འགོ་བཙུགས་ཏེ།རྒྱ་ནག་བཙན་འཛུལ་དམག་མིས་བོད་རྒྱལ་ཁབ་ཆེན་པོ་དྲག་པོས་ཧམ་བཟུང་བྱས་པ་དང་། ཡོངས་སུ་ནར་མ་སོན་པའི་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞིན་པ་ཆེན་པོ་སྐུ་འཁོར་འབངས་དང་བཅས་བོད་མི་བརྒྱད་ཁྲི་ཙམ་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་གྱེར་དགོས་བྱུང་ཞིང་། བོད་མི་རྣམས་མི་ལོ་ལྔ་བཅུ་ལྷག་གི་རྗེས་ཀྱི་དེ་རིང་བར་༸གོང་ས་མཆོག་གི་ཕེབས་རྗེས་སུ་བྲོལ་བྱོལ་དུ་མུ་མཐུད་འབྱོར་བཞིན་པའི་ཐོག  ད་ལྟའི་ཆར་བོད་ཕྱི་ཕྱོགས་སུ་གྱེར་བའི་བཙན་བྱོལ་བོད་མིའི་གྲངས་འབོར་ཆིག་འབུམ་ཆིག་ཁྲི་ལྷག་ཙམ་ཟིན་ཡོད་པ་རེད།

ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༤ ཉིན་རྒྱ་གར་གྱི་བྱང་ཕྱོགས་མ་སུ་རིར་བཙན་བྱོལ་བོད་གཞུང་དབུ་བརྙེས་པ་དང་།གཞུང་དེེར་བོད་གཞིས་བྱེས་གཉིས་ནས་ཁྲིམས་མཐུན་གྱི་ངོ་བོ་མཚོན་པའི་རང་གི་གཞུང་ངོ་མ་ཞིག་ཡིན་པར་ངོས་འཛིན་དང་བརྩི་འཇོག་བྱས་ཡོད། གཞུང་འདི་ལ་དམིགས་ཡུལ་གཙོ་བོ་གཉིས་ཡོད་པ་ནི། བོད་མི་སྐྱབས་བཅོལ་བའི་བདེ་སྡུག་ལ་གཟིགས་རྟོགས་དང་། གཞི་རྩའི་བོད་ཀྱི་རང་དབང་སླར་གསོ་བྱ་རྒྱུ་དེ་གཉིས་ཡིན། དེའང་ལས་གཞིའི་རྣམ་གྲངས་གཙོ་བོའི་གྲས་སུ་བོད་མིའི་ཤེས་ཡོན་གོང་འཕེལ་དང་། མང་གཙོའི་ལམ་སྲོལ་སྲ་བརྟན་ཡོང་ཐབས་བཅས་ཀྱང་ཚུད་ཡོད།མང་གཙོའི་ལམ་སྲོལ་སྲ་བརྟན་གཏོང་རྒྱུ་ནི་མ་འོངས་པའི་བོད་ཀྱི་འཛུགས་སྐྲུན་གྲ་སྒྲིག་གི་ལས་དོན་ཡང་དག་པ་ཞིག་ཏུ་གྱུར་ཏེ། མང་གཙོའི་འཕེལ་རིམ་ནང་།ཐོག་མར་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་འོག  ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་ཀྱི་མང་གཙོ་དབུ་བརྙེས་ཤིང་། མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་གཟུགས་བརྙན་གསལ་བར་མཚོན་པའི་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང་། རྩ་ཁྲིམས་ཟིན་བྲིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་བཅས་སྔ་ཕྱིར་གསལ་བསྒྲགས་མཛད་དེ་གསར་བརྗེ་ཡི་མཛད་པ་རིམ་པར་བསྐྱངས་ཡོད།ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན། ༸གོང་ས་མཆོག་གིས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས། མི་མང་ནས་འོས་ཐོན་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་དངོས་སུ་རྩིས་སྤྲོད་མཛད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་བཀའ་བློན་ཁྲི་པ་ཞེས་པ་སྲིད་སྐྱོང་དུ་མིང་བཅོས་གཏན་འབེབ་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཡོངས་གྲགས་ཟིན་པ་ཡིན།དེར་བརྟེན་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་བྱུང་བའང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་མང་ཚོགས་ལ་ངོ་སྤྲོད་འོས་འདོན་བྱས་པའི་བཀའ་ཁྲི་ཤ་སྟག་ཏུ་གྱུར་ཡོད།དེ་བཞིན་དུ་སྤྱི་འཐུས་ཀྱང་ཆོལ་ཁ་གསུམ་གའི་ནང་མི་ཉུང་བ་ཞིག་མང་ཚོགས་ལ་འོས་སྟོན་ཞུ་ཐུབ་པའི་གོ་སྐབས་བྱུང་བ་རེད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་བཞིན་ཕྱི་ལོ་༡༩༩༤ཕྱི་ཟླ་༩ཚེས་༢ཉིན།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་སྔ་ཕྱིར་ཕེབས་པ་ལྟར།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྐབས་དེའི་རྒྱུ་གྲོན་སྦྱིན་བདག་གནང་ཏེ་སྲིད་དོན་ཚོགས་པ་ཞིག་གི་ངོ་བོར་ཟུར་དུ་ཆེད་བཙུགས་བྱས།དེ་ནས་བཟུང་ད་བར་ཚོགས་པ་འདིར་ས་གནས་༣༥དང་ཚོགས་མི་༥༠༠༠ལྷག་བྱུང་ཡོད་པ་རེད།

 

ཐོག་མའི་སྐབས།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།“བོད་མི་ལྷག་བསམ་ཅན་དང་དེང་དུས་འཛམ་གླིང་གི་འཕོ་འགྱུར་ཐོག་ལ་དོ་སྣང་ཡོད་མཁན་གང་འཚམས་ཤིག་གིས།བོད་ཀྱི་ཆབ་སྲིད་ཀྱི་དོན་དུ་སྲིད་དོན་ཚོགས་པ་ཞིག་བཙུགས་པའི་ལས་འགུལ་འགོ་ཚུགས་པ་འདིའི་ཐོགཁྱེད་རང་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་བརྗོད་རྒྱུ་ཡིན།”ཞེས་བཀའ་གནང་བ་ལྟར་ཚོགས་པ་འདི་ད་བར་སྲིད་དོན་ཚོགས་པ་ཞིག་གི་ངོ་བོར་གནས་ཡོད།

རྒྱ་ནག་ནས་ཀྱང་།ཕྱི་ལོ་༢༠༡༠ལོར་༦ཚེས་༧ཉིན།གཞུང་འབྲེལ་དྲ་བའི་ནང་།འདི་གའི་ཚོགས་པར་སྡང་ཟུག་དང་འཁོན་སེམས་འཆང་བའི་ངང་རྒོལ་གཏམ་ཁ་བརྡུང་དྲག་པོ་བཏང་མྱོང་བ་སོགས་དགྲ་གཉེན་ཕྱོགས་གཉིས་གང་ནས་བལྟས་ཀྱང་ཚོགས་པ་འདི་མི་ཉམས་སྲ་བརྟན་གནས་རྒྱུ་ནི་ཆེས་ཁ་ཚ་དགོས་གཏུཌ་ཤིག་ཏུ་གྱུར་ཡོད།

གཞི་རྩའི་ཆ་ནས་མི་ལོ་སུམ་སྟོང་ཙམ་གྱི་སྔོན་ནས་རྒྱ་གར་འཕགས་པའི་ཡུལ་དུ་དར་བའི་ (ཚོགས་ཀྱི་གཙོ་བ་) ཞེེས་ཚོགས་ལ་དབང་བའི་ལམ་ལུགས་ཤིག་བྱུང་བ་དང་དེ་རྗེས་ནུབ་ཕྱོགས་པའི་ཡུལ་གྲུ་འགའ་ཤས་ཀྱིས། ཁ་མིག་ཡར་བལྟའི་ཚུལ་གྱིས་དང་ལེན་ངང་ཡར་རྒྱས་བཏང་ཞིང་མི་མང་གི་དབང་སྒྱུར་རམ་མང་གཙོ་རིང་ལུགས་སུ་གྲགས་པའི་ཆབ་སྲིད་ཀྱི་ལམ་སྲོལ་འདི།གཡས་ཞེན་དང་གཡོན་ཞེན་གྱི་ཉེས་སྐྱོན་དང་བྲལ་བའི་ཆབ་སྲིད་ཀྱི་ལམ་སྲོལ་བཟང་ཤོས་ཤིག་ཏུ་རྒྱལ་ཁབ་ཕལ་མོ་ཆེའི་མང་ཚོགས་ཀྱིས་ངོས་ལེན་བྱས། འཛམ་གླིང་ནང་ལམ་སྲོལ་དེའི་ཁེ་ཕན་ཉམས་སུ་མྱོང་ཐབས་སུ་ལོ་རབས་མང་པོར་འཐབ་རྩོད་དང་། ལུས་སྲོག་གི་འགྲོ་གྲོན་ཡང་ཕངས་མེད་དུ་བཏང་བའི་བྱུང་རབས་ཀྱི་རྣམ་གྲངས་མང་པོ་མཐོང་ཐོས་སུ་ཡོད་བཞིན་པ་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་བརྩེ་དང་མཁྱེན་རབ་ཀྱི་དབང་གིས་བོད་མི་རྣམས་ལ་བཙན་ཐབས་ལྟབུའི་བོད་ཀྱི་མང་གཙོའི་ལམ་སྲོལ་གསོལ་བསྩལ་མཛད་པ་དང་།བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་མང་གཙོའི་ལམ་སྲོལ་དབུ་བརྙེས་ནས་མི་ལོ་ ༥༤ ཕྱིན་པའི་རྗེས་སུ་ཕྱིར་མིག་ཅིག་བལྟས་ན། ལོ་ཡུན་དེ་དག་གི་རིང་མང་གཙོའི་སྦྱོང་བརྡར་དང་གོ་རྟོགས། ཉམས་མྱོང་བཅས་རིམ་བཞིིན་བསགས་པའི་ནང་གྲུབ་འབྲས་བགྲང་རྒྱུ་ཡོད་པ་དེ་དག་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐབས་མཁས་ཀྱི་འཕྲིན་ལས་རྨད་དུ་བྱུུང་བ་ཇི་སྙེད་ཅིག་བསྐྱངས་པ་དང་མང་ཚོགས་ནས་ཀྱང་༸རྒྱལ་བའི་བཀའ་གསུངས་ལ་ཉམས་ལེན་ཚུལ་བཞིན་ཞུས་པའི་འབྲས་བུ་ཞིག་ཡིན་པར་ངོས་འཛིན་ཞུ་རྒྱུ་དང་།ལྷག་པར་༸གོང་ས་ལྔ་པ་ཆེན་པོས་སྲོལ་གཏོད་མཛད་པའི་གནམ་བསྐོོས་དགའ་ལྡན་ཕོ་བྲང་གཞུང་གི་ཆབ་སྲིད་ཀྱིི་རྒྱུན་བར་མ་ཆད་པར་མང་གཙོའི་རིང་ལུགས་ལྡན་པའི་སྤྱི་ཚོགས་ཀྱི་དབང་ལྡན་མི་སྣར་རྩིས་སྤྲོད་ཆ་ཚང་གནང་ཐུབ་པ་བྱུང་བ་ནི།ཤིན་ཏུ་ངོ་མཚར་སྐྱེ་འོས་པའི་ཡ་མཚན་དངོས་བྱུང་ཞིག་ཡིན་པ་བརྗོད་མི་དགོས་པ་ཡིན།

ཕྱོགས་གཞན་ཞིག་ནས།བློ་སྤོབས་སྐྱེ་རུང་བའི་འདས་པའི་བྱུུང་རིམ་དེ་དག་ལ་ཕྱིར་དྲན་བྱེད་པ་དང་ཆབས་ཅིག  དམིགས་བསལ་བོད་མི་གཞོན་སྐྱེས་རྣམས་ལ་དུས་ཀྱི་བྱུུང་བས་བསྐུུར་བའི་ལས་འགན་ཞིག་དྲན་སློང་བྱ་རྒྱུར། སྤྱི་ཚོགས་བརྟན་ལྷིང་དང་ཤེས་ཡོན་གོང་འཕེལ་གཉིས་ནི་མང་གཙོའི་འཕེལ་རིམ་གྱི་ཆ་རྐྱེན་མེད་དུ་མི་རུང་བ་ཡིན་སྟབས། ལྷག་པར་ཤེས་ཡོན་གོང་འཕེལ་གྱི་ཁྱབ་ཁོངས་སུ་གཏོགས་པའི་རང་དབང་གི་རྣམ་དཔྱོད་ཚད་ལོངས་པ་དང་བསམ་ཚུལ་མི་མཐུན་པ། ལྟ་གྲུབ་འདྲ་མིན་དབར་གྱི་གོ་རྟོགས་ཡོད་པ་དང་ཕན་ཚུན་བཟོད་བསྲན་ཐུབ་པ། རྨོངས་ཞེན་སྤངས་པའི་གདམ་ཁ་བྱེད་ཤེས་པ་དང་སྒེར་ལས་སྤྱི་གཙོ་ཆེ་བ། མང་མོས་ལ་ཉུང་བས་དྭང་ལེན་དང་བརྩི་བཀུར་བྱེད་ཤེས་པའི་ཐོག  རང་དབང་ལོངས་སྤྱོད་པ་དང་རང་སྣང་གང་དྲན་བྱེད་པ་གཉིས་ཀྱི་དབྱེ་བ་གསལ་པོ་ཕྱེ་ཤེས་པ་དགོས།

སྡུག་ས་ནས་རང་བཟོའི་འགོ་ཁྲིད་དང་མང་ཚོགས་ཀྱི་ངོ་ཚབ་ཏུ་བརྫུས་པ་ཉུང་ཤས་ཤིག་གིས། དུས་ནས་དུས་སུ་ཕྱོགས་ལྷུང་རང་བཞིན་དང་འཐེན་འཁྱེར་རིང་ལུགས། སྐྱོན་འདོགས་རང་བཞིན་དང་སྡིགས་སྐུལ་རིང་ལུགས་བྱེད་པ་སོགས་རྙོག་གླེང་གི་བྱ་སྤྱོད་སྣ་ཚོགས་ཀྱི་རྐྱེན་པས། ཕྱིའི་མཐོང་སྣང་དུ་བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་ཞན་པ་དང་། དྲང་བདེན་དང་འདྲ་མཉམ་གྱི་གནས་བབས་དམན་པ་སོགས་ཀྱི་གཟུགས་བརྙན་ཅི་རིགས་ཤིག་ཡང་ནས་ཡང་དུ་བསྐྲུན་པ་དེ་དག་ལ་བརྟེན་ནས། རང་རེའི་སྟོབས་ཤུགས་ལ་ཞན་ཆའི་གནས་སྟངས་མངོན་གསལ་དོད་པ་ལྟ་བུ་བྱུང་དང་ཡོང་བཞིན་པའི་ཞན་ཆ་དེ་དག་དུས་ཡུན་ཐུང་ངུའི་ནང་སེལ་བའི་ཐབས་ལམ་མེད་ནའང་གཏན་དུ་སེལ་རྒྱུ་མེད་པའི་དཀའ་ངལ་ཞིག་ག་ལ་ཡིན།

 

གཞོན་སྐྱེས་དེང་རབས་ཀྱི་ཤེས་ཡོན་པ་རྣམས་བེད་སྤྱོད་དང་སྲུང་སྐྱོབ་བྱས་ཏེ་གསར་བརྗེའི་འགྱུར་འགྲོས་མདུན་བསྐྱོད་མ་ཐུབ་ཚེ། མང་གཙོའི་ལམ་ལུགས་བཟང་ཡང་རྒྱུན་ལྡན་གྱི་བྱེད་སྒོ་ལྟ་བུར་གྱུར་ཏེ་ལྟ་གྲུབ་དང་ལམ་སྲོལ་གྱི་ལེགས་ཆའི་ནུས་པ་རིམ་གྱིས་ཡལ་ནས་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་པ་ལ་ཕན་མེད་དུ་འགྱུར་སྲིད་པ་ཞིག་རེད། ཆབ་སྲིད་དང་འཛིན་སྐྱོང་།མང་གཙོའི་ལམ་ལུགས་བཅས་ནི། སྲོལ་རྒྱུན་ལྟར་རྒྱུན་འཛིན་བྱ་རྒྱུ་ཞིག་མིན་པར། འགྱུར་བ་དང་གསར་བརྗེའི་འཕེལ་ཤུགས་མ་ཉམས་པའི་སྟེང་ནས་སྤྱི་ཚོགས་ཀྱི་རྩ་དོན་ལ་ཕན་ཐོགས་ཡོད་པའི་ལས་དོན་རྣམས་བསམ་ཕོད་པ་དང་། བཤད་ཕོད་པ། བྱེད་ཕོད་པ་བཅས་གཞི་རིམ་མང་གཙོའི་ལག་ལེན་ལ་ངེས་པར་བརྟེན་དགོས་པ་ཡིན།

གུང་ཁྲན་གྱི་སྒྲིག་འཛུགས་ལྟ་བུར་ཆེད་དུ་མང་གཙོ་ལ་ལོག་འགྲེལ་གྱིས་བྱ་འགུལ་སྤེལ་བའམ་མང་གཙོ་ལ་འགོག་རྒོལ་བྱེད་མཁན།ཡང་ན།མང་གཙོའི་གོ་རྟོགས་ཞན་པ་དེ་དག་ལ་བོད་ཀྱི་མང་གཙོའི་ཐད་དམིགས་བསལ་གྱི་དོ་སྣང་སྤེལ་རྒྱུ། བོད་མིའི་སྒྲིགས་འཛུགས་ཀྱི་དབུས་སུ་མང་གཙོ་ཚད་ལྡན་ཡོད་མེད་ཇི་ལྟར་ཡང་ངེས་པར་ས་གནས་ཁག་ཏུའང་མང་གཙོ་བབ་ཐུབ་པ་བྱས་ཏེ། ས་གནས་འགོ་འཛིིན་དང་ས་གནས་གྲོས་ཚོགས། ས་གནས་ཁྲིམས་ལུགས་དབང་འཛིན་འོས་བསྡུ་བྱེད་པ་སོགས་མང་གཙོའི་རྨང་གཞིའི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་ཐུབ་པ་བཅས་མང་གཙོའི་ལམ་ལུགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་གཉིས་ཀས་རྫོགས་པར་ལོངས་སྤྱོད་ཐུབ་པ་བྱ་དགོས།གཞན་ཡང་།སྲིད་དོན་གྱི་ཚོགས་པ་དང་། མང་ཚོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཡར་རྒྱས་གཏོང་བ་དང་བོད་མིའི་ངོས་འཛིན་མི་རླགས་པ་། བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་དང་བོད་ཀྱི་མང་གཙོའི་ལམ་ལུགས་སྲུང་ཉར་བྱ་རྒྱུ་བཅས་ནི་བོད་མི་རང་རང་གི་འདོར་ཐབས་མེད་པའི་མང་གཙོའི་གོམ་སྟོབས་སྤེལ་བའི་འགན་འཁྲི་གལ་ཆེན་ཞིག་ཡིན།

མདོར་ན།མང་གཙོའི་སྙིང་དོན་ནི་ཁྲིམས་ཀྱི་དབང་སྒྱུར་ཡིན་པ་དང་། ཡུལ་མིས་ཡུལ་ཁྲིམས་མ་བསྲུང་ན་མང་གཙོའི་གཞི་རྩ་བྲལ་བས་བོད་མི་རྣམས་ཁྲིམས་སྒྲིག་བརྩི་བསྲུང་ཞུ་བའི་གོམས་གཤིས་སྤེལ་ཐབས་དང་གནས་ཡུལ་མི་མང་ལ་མཐུན་ལམ་བཟུང་ཐབས་བྱ་རྒྱུ།མི་མང་གི་ཆེད་དུ་མི་མང་གིས་བཙུགས་པའི་མི་མང་གི་གཞུང་དེས་མི་མང་གི་མངོན་འདོད་བསྒྲུབ་ཐུབ་པ་ཞིག་ཡོང་དང་མི་ཡོང་།མི་མང་གི་རྒྱབ་སྐྱོར་དང་ལམ་སྟོན་ལ་རག་ལུས་པས། བཙན་བྱོལ་གཞུང་གི་ཆབ་སྲིད་དང་ལམ་ལུགས་གཉིས་ཀའི་ཐོག་མི་མང་གིས་ཐུགས་སྣང་ཆེན་པོས་གཟིགས་སྐྱོང་ཡོང་བ་ཞུ་རྒྱུ།

མཐའ་དོན།བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸སྤྱི་ནོར་༸གོང་ས་ཡིད་བཞིན་ནོར་བུའི་སྐུ་ཚེ་ཡུན་དུ་བརྟན་པ་དང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་བཅས།

 

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་

ཕྱི་ལོ་༢༠༡༤ཕྱི་ཟླ་༩ཚེས་༣ཉིན་སྤེལ།།།།

Scroll Up