གྲོས་ཆོད།

༄༅། །བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་༧པ་དེ་བཞིན། བཞུགས་སྒར་རྡ་སའི་ནོར་བུ་མགྲོན་ཁང་དུ་ཕྱི་ལོ་༢༠༡༦ཟླ་༥ཚེས་༢༤ནས་༢༦བར་ཚོགས་པའི་ཚོགས་ཆེན་ཐེངས་༧པའི་གྲོས་གཞི་དང་གྲོས་ཆོད་ཁག་གཤམ་གསལ།

 

གྲོས་གཞི། ༡༽བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། ས་གནས་ཁག་གི་ལས་བསྡོམས་དང་རྩིས་ཁྲ་ཞིབ་གཤེར་གནང་རྒྱུ།

གྲོས་ཆོད། ༡༽འགན་འཛིན་ལྷན་ཚོགས་དང་ཚོགས་ཆེན་སྐབས་སུ་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲ་ཚུལ་མཐུན་ཞིབ་གཤེར་ངག་ལམ་སླ་བཅོས་ཕྲལ་སེལ་གྱི་དབང་དུ་མ་སོང་བར། ལེགས་ཆ་བླངས་ཏེ་སླད་ཕྱིན་མིག་དཔེར་འོས་པའི་ལས་བསྡོམས་དང་རྩིས་ཁྲ་ཞིབ་འགོད་འབུལ་གནང་རྒྱུ། སྤྱི་མོས།

གྲོས་གཞི། ༢༽བོད་མི་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་དང་། གདོང་ལེན་གནང་ཕྱོགས་ཐད་གྲོས་བསྡུར་གནང་རྒྱུ།

གྲོས་ཆོད། ༡༽སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སླད་དབུས་ས་གཉིས་ནས་ཞབས་རིམ་དགེ་སྦྱོར་དང་། སྲོག་བླུ་བཅས་གང་མང་གསོག་སྒྲུབ་དགོས་རྒྱུ།  སྤྱི་མོས།

གྲོས་ཆོད། ༢༽རྒྱ་གར་དབུས་ས་གཉིས་དང་། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་གང་ལེགས་གནང་མུས་བཞིན། ད་དུང་སྔར་ལྷག་འགན་ཁུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ། སྤྱི་མོས།

གྲོས་ཆོད། ༣༽༧རྒྱལ་བའི་བཀའ་དགོངས་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་ཆོལ་ཁ་ཆོས་ལུགས་དང་། ཕོ་མོ། རྒན་གཞོན་དབྱེར་མེད་ཐོག  མཐུན་སྒྲིལ་ཡོང་རྒྱུར་འབད་བརྩོན་ཞུ་རྒྱུ།  སྤྱི་མོས།

གྲོས་གཞི། ༣༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་བཞི་པའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཕྱོགས་འཐུས་ཚང་བྱུང་མིན་དང་། གྲོས་ཆོད་ལྷག་མ་རྣམས་མཇུག་སྐྱོང་བྱ་ཕྱོགས་ཐད་གྲོས་བསྡུར་གནང་རྒྱུ།

གྲོས་ཆོད།  ༡༽དབུས་ས་གཉིས་ནས་མཁས་དབང་གདན་ཞུས་ཀྱིས་མང་གཙོའི་འཕེལ་རིམ་དང་ལྟ་གྲུབ། འགན་དབང་སོགས་ཀྱི་སྐོར་མང་ཚོགས་ལ་ཟབ་སྦྱོང་དང་བཀའ་སློབ་ལམ་སྟོན་རྒྱ་གང་ཆེ་སྤྲོད་ཐུབ་ན་དགེ་མཚན་ཆེ་བར་སོང་། དེ་དོན་འབད་བརྩོན་ཞུ་རྒྱུ། སྤྱི་མོས།

གྲོས་ཆོད། ༢༽མཐོ་སློབ་ཁག་ཏུ་བོད་ཕྲུག་ན་གཞོན་ཚོར་མང་གཙོའི་འཕེལ་རིམ་དང་། འགན་དབང་ལྟ་གྲུབ་སོགས་ཀྱི་གོ་རྟོགས་སྤེལ་རྒྱུའི་ཆེད། དབུས་ས་གཉིས་ནས་ཆབ་སྲིད་མཁས་པའི་གསུང་བཤད་དང་སློབ་སྟོན་གནང་ཐུབ་ཐབས་དགོས་རྒྱུ། སྤྱི་མོས།

གྲོས་གཞི། ༤༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཕྱོགས་བཞུགས་དབུས་རྒྱུན་ལས་རྣམས་མཉམ་ཞུགས་དང་། ཕན་ཚུན་གྱི་འབྲེལ་ལམ་ཟབ་ཏུ་གཏོང་ཕྱོགས་ཇི་དགེའི་སྐོར་གྲོས་བསྡུར་གནང་རྒྱུ།

གྲོས་ཆོད།  ༡༽དབུས་རྒྱུན་ཕྱོགས་བཞུགས་རྣམ་པ་ནས་ཟབ་འབྲེལ་ཡིག་ཐོག་དང་ཞལ་པར་བརྒྱུད་འབྲེལ་ལམ་གང་ལེགས་ཡོང་མུས་ལ་ལེགས་གསོལ་བསྔགས་བརྗོད་དང་། དེ་བཞིན་འབྲེལ་ལམ་སྔར་ལྷག་ཡོང་དགོས་རྒྱུ།  སྤྱི་མོས།

གྲོས་ཆོད། ༢༽གལ་འགངས་ཆེ་བའི་ཡིག་ཆའི་རིགས་ས་གནས་ཁག་ཏུ་གཏོང་དགོས་སྐབས། མྱུར་འཕྲིན་ལྟ་བུ་མ་ཡིན་པར་ཡིག་ཆ་རྣམས་ཤོག་ཐོག་ཏུ་གནང་སྟེ་ཟླ་དུས་ཚེས་གྲངས་བཅས་གསལ་པོར་དགོས་རྒྱུ། སྤྱི་མོས།

གྲོས་གཞི། ༥༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དང་ས་གནས་ཁག་གི་འབྲེལ་ལམ་བཟང་དུ་གཏོང་ཕྱོགས་སྐོར་ལ་གྲོས་བསྡུར་གནང་རྒྱུ།

གྲོས་ཆོད།  ༡༽དབུས་ས་གཉིས་ཀྱི་འབྲེལ་ལམ་ཟབ་ཏུ་གཏོང་བར་ས་གནས་སུ་དབུས་རྒྱུན་ཕེབས་དགོས་གལ་བྱུང་ཚེ་ངེས་པར་དུ་ཕེབས་ཐུབ་པ་གནང་རྒྱུ།  སྤྱི་མོས།

གྲོས་ཆོད། ༢༽དབུས་རྒྱུན་ཕྱོགས་བཞུགས་རྣམས་ནས་སོ་སོའི་བཞུགས་ཡུལ་ས་གནས་དང་། ཉེ་འཁོར་ས་གནས། དེ་བཞིན་འབྲེལ་མཐུད་པ་ཡོད་ས་བཅས་སུ་ངེས་པར་དུ་ལམ་སྟོན་གྱི་འགན་ཁུར་གནང་རྒྱུ། སྤྱི་མོས།

གྲོས་གཞི། ༦༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག་ཆེད་བཙུགས་གནང་བ་ཞིག་ཡིན་པས། ཚོགས་པ་འདི་སྲ་བརྟན་དང་ཡར་རྒྱས་གཏོང་རྒྱུར་སྨོས་མེད་ཐོག  ཚོགས་པའི་དཔལ་འབྱོར་དང་འཛིན་སྐྱོང་ཡར་རྒྱས་གཏོང་ཕྱོགས་ཐད་གྲོས་བསྡུར་གནང་རྒྱུ།

གྲོས་ཆོད།  ༡༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་མི་སུ་ཞིག་ཕྱི་རྒྱལ་ཡུལ་གྲུ་གང་དུ་ཕེབས་ཀྱང་། མང་གཙོ་ཚོགས་པའི་ཚོགས་མིར་མུ་མཐུད་བཞུགས་ཐབས་དང་། དབུས་ས་གཉིས་ནས་འབྲེལ་ལམ་མུ་མཐུད་གནང་ཐོག  མ་འོངས་པར་ཚོགས་པར་མཐུན་རྐྱེན་རོགས་རམ་ཐོབ་ཐབས་གནང་རྒྱུ།  སྤྱི་མོས།

གྲོས་ཆོད། ༢༽ད་ཡོད་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་པའི་སྦྱིན་བདག་གང་ཡོད་པ་དེ་དག་ལ་སྔར་ལྷག་འབྲེལ་ལམ་དམ་ཟབ་གནང་ཐུབ་པ་དགོས།

གྲོས་ཆོད།  ༣༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་བཞིན་སྲ་བརྟན་དང་ཡར་རྒྱས་ཡོང་བར་དབུས་ས་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་དམ་ཟབ་གོང་འཕེལ་དང་། ཉམས་པ་སླར་གསོ་དགོས་རྒྱུ།  སྤྱི་མོས།

གྲོས་གཞི། ༧༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་ཉིད་སྲིད་དོན་ཚོགས་པ་ཞིག་ཏུ་དབུས་བོད་མིའི་སྒྲིག་འཛུགས་ནས་ངོས་ལེན་ཡོང་ཐབས་ཇི་དགོས་སྐོར་གྲོས་བསྡུར་གནང་རྒྱུ།

གྲོས་ཆོད། ༡༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་ཉིད་དབུས་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱིས་སྲིད་དོན་ཚོགས་པ་ཞིག་ལ་ངོས་འཛིན་ཡོང་ཆེད་སྙན་ཞུ་འབུལ་དགོས་རྒྱུ།  སྤྱི་མོས།

གྲོས་གཞི། ༨༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དམིགས་ཡུལ་ལྟར་བོད་ཀྱི་མང་གཙོ་ཡར་རྒྱས་གཏོང་ཕྱོགས་དང་། ཐེངས་རྗེས་མའི་སྲིད་སྤྱིའི་འོས་གཞི་འདོན་ཕྱོགས་དང་འོས་བསྡུའི་དྲིལ་བསྒྲགས་ཞུ་ཕྱོགས་ཐད་གྲོས་བསྡུར་གནང་རྒྱུ།

གྲོས་ཆོད།  ༡༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་མ་འོངས་པར་སྲིད་སྤྱི་གཉིས་ཀྱི་འོས་མི་འདོན་པའི་སྐབས། གལ་ཏེ་ལོ་རྒྱུས་ནང་རྙོག་གླེང་ཅན་གྱི་འོས་མི་བྱུང་ཚེ། ཕྱིར་འཐེན་བྱ་རྒྱུའི་དབང་ཚད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཡོད།  སྤྱི་མོས།

གྲོས་ཆོད།  ༢༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་ཁག་ནས་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་མི་གང་མང་འདོན་དགོས་རྒྱུ།  སྤྱི་མོས།

གྲོས་གཞི།  ༩༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་བར་གྱི་འབྲེལ་ལམ་མུ་མཐུད་ནས་རྒྱུན་སྐྱོང་ཡར་རྒྱས་གཏོང་ཕྱོགས་ཇི་དགོས་སྐོར་གྲོས་བསྡུར་གནང་རྒྱུ།

གྲོས་ཆོད།  ༡༽༧གོང་ས་མཆོག་གི་བཀའ་དགོངས་ཕེབས་དོན་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་བཙུགས་པར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་དེ་ཕ་མ་དང་བུ་ཕྲུག་ལྟ་བུའི་འབྲེལ་ལམ་བཟང་པོ་ཡོད་པར་སོང་། སླད་ཀྱང་ཚོགས་པ་གཉིས་ཀྱི་བར་འབྲེལ་ལམ་དམ་ཟབ་ཡོང་དགོས་རྒྱུ།  སྤྱི་མོས།

གྲོས་ཆོད། ༢༽བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་ད་ལྟའི་ཆར་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་སོང་། ལས་བྱེད་ཀྱི་གླ་ཕོག་དང་། ཁང་གླ་བཅས་ཀྱི་ཐོག་རོགས་རམ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ།  སྤྱི་མོས།

སྒྲིག་གཞི།  ༡༠༽བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྒྲིག་གཞིར་བསྐྱར་བཅོས་༼སྒྲིག་གཞི་དོན་ཚན་སོ་གཅིག་པའི་ནང་གསེས་གཉིས་པ་སྐྱབས་བཅོལ་གནས་པའི་རིང་གི་སྒྲིག་འཛུགས་ཞེས་པའི་ཟུར་བརྗོད་དོན་ཚན་༤དང་༥།༨ པ་སོགས་ལ་བསྐྱར་བཅོས་གནང་དགོས་རིགས་ལ་གྲོས་བསྡུར་གནང་རྒྱུ།

 

 

ཚིག་བརྗོད་རྙིང་པ། བསྐྱར་བཅོས་ཚིག་བརྗོད། ཟུར་བརྗོད།
༤༽རྒྱལ་ཡོངས་མང་གཙོ་དང་སྤྱི་ཁྱབ་རྒྱུན་ལས་ཀྱི་ལས་ཡུན། ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་དང་སྤྱི་ཁྱབ་རྒྱུན་ལས། དེ་བཞིན་ལས་ཡུན་ལོ་བཞི་ཡིན། ༤༽རྒྱལ་ཡོངས་མང་གཙོ་དང་སྤྱི་ཁྱབ་རྒྱུན་ལས་ཀྱི་ལས་ཡུན། ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་དང་སྤྱི་ཁྱབ་རྒྱུན་ལས། དེ་བཞིན་ལས་ཡུན་ལོ་གསུམ་ཡིན། སྤྱི་མོས།
༥༽རྒྱལ་ཡོངས་འགན་འཛིན་ལྷན་ཚོགས། རྒྱལ་ཡོངས་འགན་འཛིན་ལྷན་ཚོགས་ལོ་གཉིས་རེ་མཚམས་ཚོགས་རྒྱུ། རྒྱལ་ཡོངས་འགན་འཛིན་ལྷན་ཚོགས་ནས་སྤྱི་ཁྱབ་རྒྱུན་ལས་དང་། དྲུང་ཆེ། ཚོགས་ཁོངས་སྤྱི་འཐུས། གདན་ཞུའི་སྐུ་མགྲོན་བཅས་ཚོགས་ཞུགས་ཆོག་པ་ཡིན། ཚོགས་དུས་དང་ཚོགས་ཡུལ་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་གཏན་འབེབས་གནང་རྒྱུ། ༥༽རྒྱལ་ཡོངས་འགན་འཛིན་ལྷན་ཚོགས། རྒྱལ་ཡོངས་འགན་འཛིན་ལྷན་ཚོགས་ལོ་གཅིག་དང་ཕྱེད་ཀ་རེ་མཚམས་ཚོགས་རྒྱུ། རྒྱལ་ཡོངས་འགན་འཛིན་ལྷན་ཚོགས་ནས་སྤྱི་ཁྱབ་རྒྱུན་ལས་དང་། དྲུང་ཆེ། ཚོགས་ཁོངས་སྤྱི་འཐུས། གདན་ཞུའི་སྐུ་མགྲོན་བཅས་ཚོགས་ཞུགས་ཆོག་པ་ཡིན། ཚོགས་དུས་དང་ཚོགས་ཡུལ་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་གཏན་འབེབས་གནང་རྒྱུ། སྤྱི་མོས།
༨༽རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས། རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་པ་རྒྱལ་ཡོངས་ཚོགས་གཙོ་དང་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་མི་གྲངས་༡༡ནས་༡༥བར་དགོས། ༨༽རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས། རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་པ་རྒྱལ་ཡོངས་ཚོགས་གཙོ་དང་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་མི་གྲངས་༧ནས་༡༡བར་དགོས། སྤྱི་མོས།
མེད། ༩༽རྒྱལ་ཡོངས་སྤྱི་ཁྱབ་ཚོགས་གཙོ་དང་རྒྱུན་ལས་ཀྱི་ལས་ཡུན་བསྟུད་མར་སྐབས་གཉིས་རེ་ལས་བྱེད་མི་ཆོག གསར་བཅུག 

སྤྱི་མོས།

 

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པས། སྤྱི་ལོ་༢༠༡༦ཟླ་༥ཚེས་༢༦ལ།

Scroll Up