གསུང་བཤད།

༄༅།། ཕྱི་ལོ་༡༩༩༤/༩/༢ ཉིན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་གསར་འཛུགས་མཛད་སྒོའ་ིཐོག་སྩལ་བའི་༧གོང་ས་མཆོག་གི་བཀའ་སློབ།

བོད་ཞི་བདེའི་བསྟི་གནས་དང། ཡུལ་དེའི་ཕྱི་ནང་སྣོད་བཅུད་ཚང་མར་འཕྲལ་དུ་བདེ་བ་དང། ཕུགས་སུ་ཕན་པ། མ་ཟད།ཁྱིམ་མཚེས་ཡུལ་ཁག་ཚོ་ལ་ཡང་ཕན་ཐོགས་བྱེད་ཐུབ་པའི་ཆོས་སྲིད་རང་དབང་ལྡན་པའི་མང་གཙོའི་རྒྱལ་ཁབ་རྣམ་པར་དག་པ་ཞིག་ཡོང་བའི་ཆེད་དུ། ང་ཚོ་བཙན་བྱོལ་ལ་ཡོད་པའི་དུས་སྐབས་འདིའི་ནང་ལ་ང་ཚོས་ཉམས་མྱོང་གསོག་རྒྱུའི་ལས་དོན་ཕྱོགས་མང་པོ་ཞིག་ནས་བསྒྲུབས་དང་སྒྲུབ་བཞིན་པའི་སྐབས་འདིར།ད་ལམ་སྐབས་སུ་བབས་པ་བོད་མི་ལྷག་བསམ་དང། དེང་དུས་འཛམ་གླིང་གི་འཕོ་འགྱུར་གྱི་ཐོག་ལ་དོ་སྣང་ཡོད་མཁན་གྱི་མི་གང་འཚམས་ཤིག་གིས། དེ་རིང་འདིར་བོད་ཀྱི་ཆབ་སྲིད་ཀྱི་དོན་དུ་སྲིད་དོན་ཚོགས་པ་ཞིག་བཙུགས་པའི་ལས་འགུལ་འགོ་ཚུགས་པ་འདིའི་ཐོག་ཁྱེད་རང་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་བརྗོད་རྒྱུ་དང། ཚང་མས་སེམས་ཁུར་དང། ངལ་བ་དང་ལེན་གྱི་ཐོག་ནས་ལས་འགུལ་འཛུགས་རྒྱུའི་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ། ཞེས་ཞུ་རྒྱུ་ཡིན། ཚང་མས་ཤེས་གསལ་ལྟར། མང་གཙོའི་ལས་ཐབས་ཞེས་པའི་འདི་ནང་པ་སངས་རྒྱས་པའི་ལྟ་བ་དང་མཐུན་པ། འཛམ་གླིང་འདིའི་སྒང་དུ་ལམ་དང་ལུགས་སྲོལ་མི་འདྲ་བ་མང་པོ་ཡོད་པའི་ནང་སྐྱོན་ཆ་རྩ་བ་ནས་མེད་པ་ཞིག་གང་དུ་ཡང་མེད་རུང། བབས་ལྷིང་བ་དང་མང་ཚོགས་ཀྱིས་ཐེ་གཏོགས་བྱེད་པའི་ཐབས་ལམ་བཟང་ཤོས་མང་གཙོའི་སྒྲིག་འཛུགས་འདི་ཡིན་པ་རེད། དེར་བརྟེན་ང་རང་ཚོའི་མ་འོངས་པའི་བོད་འདི་ཡང་དངོས་གནས་མང་གཙོ་མིང་དོན་མཚུངས་པ། ཡག་པོ་ཞིག་ཡོང་ཐུབ་པའི་དམིགས་ཡུལ་བཟུང་སྟེ་དེ་ལ་བསྟུན་པའི་ང་རང་ཚོ་རྒྱ་གར་ནང་བཙན་བྱོལ་བ་བྱས་ནས། ལོ་སུམ་ཅུ་སོ་ལྔ་ལྷག་ཙམ་རིང་ལ་མང་གཙོའི་ལག་ལེན་འགེལ་རྒྱུའི་ཐབས་ཤེས་སྒོ་གང་ས་ནས་བྱས་ཡོད་པ་རེད།མ་འོངས་པའི་བོད་འདི། དངོས་གནས་མང་གཙོ་མཚན་ཉིད་ཚང་བ་ཡག་པོ་ཞིག་ཡོང་བའི་དོན་ལ་སྲིད་དོན་གྱི་ཚོགས་པ་མི་འདྲ་བ་དགོས་པ་གལ་ཆེན་པོ་ཆགས་ཡོད།དེ་རིང་འདིར་ཁྱེད་རང་ཚོས་སྲིད་དོན་གྱི་ཚོགས་པ་བཙུགས་པ་འདིས། མ་འོངས་པའི་དམིགས་ཡུལ་རླབས་ཆེན་པོ་ཞིག་སྒྲུབ་རྒྱུའི་དོན་ལ་ཞབས་འདེགས་ངེས་ཅན་ཞིག་བསྒྲུབས་པ་རེད་སྙམ་པ་དྲན་གྱི་འདུག། ལས་ཀ་ག་འདྲའི་ཞིག་ཡིན་ན་ཡང་ཉམས་མྱོང་གསོག་གིན་གསོག་གིན་གྱི་ཐོག་ནས། ཐབས་ལམ་གནད་འགག་ཅན་གསར་པ་རྙེད་ཐུབ་རྒྱུར་བརྟེན་རིམ་པས་ཉམས་མྱོང་རྒྱུས་ཡོད་ཀྱི་ཆ་ནས་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། དེ་དང་ཆབས་ཅིག དཀའ་ངལ་མང་པོ་ཞིག་ཀྱང་ཏན་ཏན་ཡོང་གི་རེད། དངོས་གཞི་ལག་ལེན་བཀལ་བའི་སྐབས་སུ་དཀའ་ངལ་ཇི་འདྲ་འཕྲད་ཀྱང་གདོང་ལེན་བྱེད་ཐུབ་པ་ཞིག་དང། དང་པོའ་ིལྷག་བསམ་བཟང་པོའ་ི དམིགས་ཡུལ་དང་དམ་བཅའ་བརྟན་པོ་ཡོད་པ་འདི་འགྱུར་བ་མེད་པར་སྙུགས་བསྲེངས་ནས་མཐའ་བསྐྱལ་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་རེད། འདི་ཚང་མའི་སེམས་ལ་ཟུངས། དེ་མིན་ལས་ཀ་གང་འདྲ་བྱེད་དགོས་མིན་ངས་འདིར་དམིགས་བསལ་ཞིབ་ཕྲ་ཤོད་རྒྱུ་མེད། འབྲེལ་བ་ཡང་ཆགས་ཀྱི་མི་འདུག མི་མང་རང་ཉིད་ཀྱི་ཐོག་ནས་བོད་སྤྱི་པའི་དོན་དག་ཆེན་པོ་ཞིག་བསྒྲུབ་རྒྱུའི་དོན་དུ་ལས་འགུལ་སྤེལ་བར་བརྟེན་མི་མང་རང་ཉིད་ཀྱིས་གང་དགའ་ཅི་ལེགས་ཀྱི་བསམ་བློ་བཏང། སོ་སོ་རང་ཉིད་ཀྱིས་ཐབས་ཤེས་བཙལ། རིམ་པས་ཉམས་མྱོང་གསོག་གིན་གསོག་གིན་ཡར་རྒྱས་འགྲོ་ཐུབ་པ་ཞིག་བྱེད་དགོས། ངས་འདིར་བརྗོད་རྒྱུའི་སྙིང་པོ་ནི། རྩ་བའི་ལྷག་བསམ་བཟང་པོ་ཞིག་གི་ཀུན་ནས་བླངས་ཏེ་དམིགས་ཡུལ་བཟང་པོ་ཞིག་བསྒྲུབ་རྒྱུའི་དོན་དུ་བྱ་ཐབས་བཟང་པོ་ཞིག་འགོ་བཙུགས་པ་རེད། འདི་ཤིན་ཏུ་ཡག་པོ་བྱུང་འདུག བཟང་པོ་བཟང་མཐར་འཁྱོལ་བ་ཞིག་ཚང་མས་སེམས་ཤུགས་བསྒྲིལ་ཏེ་ནུས་པ་སྐྱེད་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་འདོད་བྱུང། ཁྱེད་རང་ཚོས་རིམ་པས་ཉམས་མྱོང་གསོག་གིན་གསོག་གིན་བྱས། དཀའ་ངལ་འཕྲད་སྐབས་ཕྱིར་ཤིག་རྒྱག་མི་རུང། མགོ་སྟོད་ལ་རྫིག་པོ་དང། མཇུག་ཏུ་སླ་རུ་སླ་རུ་མི་འགྲོ་བ་བྱེད་རྒྱུ་འདི་ཚང་མས་སེམས་ལ་བཅངས་ཏེ་ཧུར་ཐག་བྱེད་དགོས། ཚང་མར་ཡང་བསྐྱར་བཀྲ་ཤིས་བདེ་ལེགས།
ཐུགས་རྗེ་ཆེ། ཞེས་བཀའ་བསྩལ།

Scroll Up