༄༅།།༸གོང་ས་མཆོག་གིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་བསྩལ་བའི་བཀའ་སློབ་ལས་བཏུས།

d6b87422019675d9b2e18cce843d2fb5དེ་ཡང་། མང་གཙོ་རང་དབང་ལྡན་པ་མཚན་ཉིད་ཚང་བའི་སྲིད་གཞུང་ཞིག་འཛུགས་རྒྱུ་དམིགས་ཡུལ་དུ་བཞག་སྟེ། བསམ་བློའི་ནང་གུང་བསྒྲིགས་ནས་ལས་ཀ་འདི་བྱེད་ཀྱི་ཡོད། མ་འོངས་པའི་བོད་ཀྱི་ལས་འགན་བོད་མི་མང་ཚོགས་ཀྱིས་འགན་འཁྱེར་དགོས་པ་མ་གཏོགས། དེ་མི་རེ་ཟུང་གིས་བྱེད་ཐུབ་ཐབས་མེད། ལར་ནས་ང་རང་ཚོ་མང་གཙོ་ཟེར་བའི་ལམ་ལ་འགྲོ་དགོས་པ་དང།   དངོས་གནས་མི་མང་གིས་འགན་ཁུར་ལེན་རྒྱུ་དང།     གང་ལྟར་མཐའ་མའི་ཐག་གཅོད་མི་མང་གི་ལག་པ་ལ་ཡོད་པའི་གནས་ཚུལ་འདི་དགོས་ཀྱི་ཡོད་པ་རེད། འདི་ཡོང་བ་འདི་ཡོང་བ་ལ་མང་གཙོ་གལ་ཆེན་པོ་རེད་ཅེས་ཁ་ནས་ཚིག་འདྲ་ཆགས་པོ་ལབ་པ་དང།    ཡིག་ཆ་བཞག་པའི་ཐོག་ནས་ལྡང་གི་ཡོད་པ་མ་རེད།       ང་རང་ཚོ་མི་མང་རང་གི་ཐོག་ནས་དེའི་ཐོག་ལ་དོ་སྣང་བྱེད་དགོས་པ་དང། བསམ་བློ་གཏོང་ཤེས་པ། སྟངས་འཛིན་བྱེད་ཤེས་པ། དགེ་སྐྱོན་རྟོགས་ཐུབ་པ་དགོས་ཀྱི་ཡོད་སྟབས་མི་མང་གི་ཐོག་ནས་དོ་སྣང་བྱ་རྒྱུ་དང།    དུས་རྒྱུན་དུ་སེམས་ཁུར་ལེན་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་ཆགས་ཀྱི་འདུག ཅེས་དང་། མང་གཙོ་ཟེར་དུས་ཐོབ་ཐང་ཞིག་ཡོད་ལ། འགན་ཁུར་ཞིག་ཀྱང་ཡོད་། ཐོབ་ཐང་ཤ་སྟག་བཤད། འགན་ཁུར་མ་བླངས་པར་བསྡད་ན་མི་འགྲིགས།       ཐོབ་ཐང་རྩོད་དགོས།     ཐོབ་ཐང་རྩོད་པ་དང་མཉམ་དུ་འགན་ཁུར་ཡང་ལེན་དགོས། ཐོབ་ཐང་དང། འགན་ཁུར་མཉམ་དུ་འགྲོ་དགོས་ཀྱི་འདུག     འདི་ཡོང་བ་ལ་ང་རང་ཚོས་དུས་རྒྱུན་ལྡན་ནས་གནད་འགག་དེ་ཚོའི་གྲས་ཡང་ནས་ཡང་དུ་སྐད་ཆ་བཤད་པ་དང། བསམ་བློ་གཏོང་རྒྱུ་བྱུང་བ་ཡིན་ན།  བསམ་བློ་ལ་སྦྱོང་བརྡར་ཐེབས་ནས་བསམ་བློའི་ནང་ལ་གུང་འགྲིག་པ་དང། སེམས་གཏིང་ནས་ཁོག་ཏུ་ཆུད་ཐུབ་པ་ཡོད་གི་རེད།      ནམ་རྒྱུན་དོ་སྣང་གང་ཡང་མ་བྱས་པར་བསྡད། གློ་བུར་དུ་ཚོགས་འདུ་འཚོགས་པ་འདྲ་པོ། ཡང་ན། འོས་བསྡུ་བྱེད་པ་དེ་འདྲའི་སྐབས་མགོ་འཚོས་ལ་མ་འཚོས་ཐོག་ཕྱིན་པ་ཡིན་ན་ཉེན་ཁ་ཡོད། དུས་རྒྱུན་ལྡན་ནས་བོད་སྤྱིའི་བྱེད་ཕྱོགས་སྐོར་ལ་དོ་སྣང་ཡོད་པ་དང། སོ་སོའི་སེམས་ནང་ལ་གོམས་འདྲིས་ཡོད་པ་ཞིག་ཡིན་ན། དམིགས་བསལ་གྱི་ལས་འགན་བྱེ་བྲག་པ་ཐོན་པའི་སྐབས་ལ་སོ་སོར་གོམས་བྱང་ཡོད་པ་དང། དེའི་ཐོག་ནས་རྒྱུས་ཡོད་ཆགས། སེམས་ནང་ལ་ཁོག་ཏུ་ཆུད་དེ་གུང་འགྲིག་པོ་ཆགས་ཡོད་ན་ལས་ཀ་གང་འདྲ་ཞིག་ཐག་གཅོད་བྱེད་པ་འམ། གང་འདྲ་ཞིག་གི་ཐོག་ལ་འགན་ཁུར་བླངས་ནས་ཐེ་གཏོགས་བྱེད་དགོས་ནའང་འཕྱུག་པ་མེད་པ་འོང་རེད། ཅེས་གསུངས།

 

dalailama-signature

Scroll Up